རྒྱལ་སྤྱིའི་ཆབ་སྲིད་བཙོན་པའི་ཉིན་མོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྗེས་དྲན་གི་མཛད་སྒོ་ཞིག་ལིན་ཁན་དྲན་རྟེན་ས་ཚིགས་སུ་ཚོགས་པའི་སྐབས། ཆབ་སྲིད་བཙོན་པ་གྲགས་ཅན་མང་པོའི་མཚན་ཐོའི་ནང་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱི་གནས་སྟངས་གླེང་འདུག
ཕྱི་ཟླ་ ༡༠ ཚེས་ ༣༠ ཉིན་རྒྱལ་སྤྱིའི་ཆབ་སྲིད་བཙོན་པའི་ཉིན་མོ་སྲུང་བརྩི་ཞུས་པ་དང་འབྲེལ་འཛམ་གླིང་ཁྱོན་ཡོངས་སུ་གསར་འགོད་པ་དང་ཆོས་ལུགས་མི་སྣ། ལས་འགུལ་བ་དང་ཆབ་སྲིད་འགོ་ཁྲིད་ཚོས་རང་ཉིད་ཀྱི་གཞི་རྩའི་རང་དབང་དང་ཐོབ་ཐང་ཉམས་ལེན་བྱས་པར་བརྟེན་ནས་བཙོན་འཇུག་བྱས་པ་རྣམས་ལ་དྲན་གསོ་ཞུ་བའི་ཉིན་མོ་ཞིག་ཡིན་པ་རེད།
ཕྱི་ལོ་ ༡༩༩༥ ལོར་དགུང་ལོ་ ༦ ཙམ་ལ་སོན་སྐབས་རྒྱ་ནག་གཞུང་གིས་འཛིན་བཟུང་འོག་གར་སོང་ཆ་མེད་དུ་གྱུར་བའི་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ད་ལྟ་ལོ་བཅུ་ཕྲག་གསུམ་ལྷག་གི་རྗེས་སུ་ཡང་གནས་སྟངས་ད་དུང་ཤེས་རྟོགས་མ་བྱུང་བར་ལྷག་ཡོད་པའི་དུས་སྐབས་འདིར། ད་རེས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་ལིན་ཁོན་དྲན་རྟེན་ཁང་དུ་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཚོ་འདུ་འཛོམས་ཀྱིས་འཛམ་གླིང་ཡོངས་ཀྱི་ཆབ་སྲིད་བཙོན་པ་ཚོར་དྲན་གསོ་ཞུས་པ་དང་ཁོང་ཚོ་གློད་གྲོལ་གཏོང་དགོས་པའི་དགོས་འདུན་བཏོན་གནང་ཡོད་པའི་མཐོ་གཞུང་ནང་༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེའི་མཚན་འབོད་ཞུས་གནང་སོང་།
བོད་མི་ཚོར་མཚོན་ན་གར་སོང་ཆ་མེད་དུ་གྱུར་བའི་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་དེ་ད་དུང་ཡང་ཤེས་རྟོགས་མེད་པར་ངང་སྒུག་བྱེད་བཞིན་པ་ཞིག་ཏུ་གྱུར་ཡོད་ཅིང་། རྒྱ་ནག་གིས་ཁོང་གང་དུ་ཡོད་མེད་ཡོངས་བསྒྲགས་བྱེད་དགོས་པ་དང་ཁོང་གི་སྐུ་གཟུགས་གནས་བབ་སོགས་ལ་རང་དབང་ཅན་གྱི་ཞིབ་བཤེར་བྱེད་ཆོག་པའི་འབོད་སྐུལ་མུ་མཐུད་གནང་བཞིན་ཡོད་པ་རེད།
ཡང་མཐོ་གཞུང་དེའི་ནང་བོད་ཀྱི་ཆབ་སྲིད་བཙོན་པ་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱི་མཚན་འབོད་ཞུས་གནང་སོང་བ་དང་། སྒོ་ཤེས་རབ་རྒྱ་མཚོ་ལགས་ནི་བོད་ཨ་མདོ་རྔ་པར་འཁྲུངས་ཤིང་། རྔ་པ་ཀིརྟི་དགོན་ཆེན་ནས་ནང་པའི་གཞུང་ཆེན་ཁག་ལ་སློབ་སྦྱོང་གནང་། དེ་རྗེས་རྒྱ་གར་དང་བལ་ཡུལ། རྒྱ་ནག་སོགས་ཀྱིས་མཚོན་པའི་ཨེ་ཤེ་ཡའི་རྒྱལ་ཁབ་མང་པོར་འགྲུལ་བཞུད་གནང་སྟེ་ཉམས་ཞིབ་གནང་མྱོང་ཡོད་པ་རེད། ཁོང་ནི་རྩོམ་པ་པོ་གྲགས་ཅན་ཞིག་དང་། ཁོང་གིས་བོད་ཀྱི་ཆོས་ལུགས་རིག་གནས་དང་སྐད་ཡིག་སློབ་གསོའི་སྐོར་ལ་བློ་རྒྱ་ཆེན་པོའི་ངང་བསམ་བློ་གཏོང་མཁན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ལ། རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་ལ་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༩༨ དང་ ༢༠༠༨ ། ཕྱི་ལོ་ ༢༠༡༡ དང་ ༢༠༢༠ ལོ་བཅས་ཐེངས་བཞི་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་དང་། ཐོག་མར་ཁོང་འཛིན་བཟུང་བྱེད་དགོས་དོན་ནི། སྤྱི་ལོ་༡༩༩༨ ལོར་རྒྱ་ནག་གཞུང་གིས་མདོ་སྨད་རྔ་བ་ཕྱོགས་སུ་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་ཤུགས་ཆེར་སྤེལ་བཞིན་པའི་སྐབས། ཁོང་གིས་ཕར་ཕྱིན་དམ་བཅའ་བཞག་སྐབས་ཀིརྟི་དགོན་གྱི་འདུ་ཁང་གི་མདུན་ངོས་སུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་བཤམས་པའི་ཉེས་མིང་བཙུགས་ཏེ་འཛིན་བཟུང་གིས་ལོ་གསུམ་གྱི་ཁྲིམས་ཐག་བཅད་ནས་བཙོན་འཇུག་བྱས་མྱོང་ཡོད་པ་རེད།

ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༦ ཉིན་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་ནས་ལྷ་སའི་རྒྱ་ནག་གི་གསང་བའི་མི་སྣ་དང་རྒྱ་ནག་གི་སྤྱི་བདེ་ཉེན་རྟོག་པས་གློ་བུར་འཛིན་བཟུང་རྗེས། ཡུན་རིང་གང་དུ་ཁྲིད་ཡོད་མེད་སོགས་ཀྱི་གནས་ཚུལ་ཁ་གསལ་མེད་པར་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད། རྗེས་སུ་ཕྱི་ལོ་ ༢༠༢༡ ཟླ ༡༢ ཚེས་ ༡༠ ཉིན་ལྷ་སའི་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས་ཁོང་ལ་མི་ལོ་བཅུའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ནས་བཙོན་འཇུག་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་རེད།
ད་དུང་འདུ་འཛོམས་དེར་རྒྱ་ནག་གཞུང་གིས་ལོ་ ༡༢ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་པའི་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཏིང་ཅཱ་ཤི་ (Ding Jiaxi) ཡི་བཟའ་ཟླ་སོ་ཕི་ལིའུ་(Sophie Liu) ཡང་མཉམ་ཞུགས་གནང་ཡོད་པ་དང་། ཁོང་གིས་ ‘ངས་བོད་རིགས་གྲོགས་པོ་ཚོར་ཆབ་སྲིད་བཙོན་པ་ཚོ་ནི་ཁྱིམ་ཚང་ཆེན་པོ་གཅིག་རེད་ཅེས་རྒྱུན་ཆད་མེད་པར་བཤད་ཀྱི་ཡོད། ཡུ་གུར་བ་ཡིན་ཡང་འདྲ། བོད་མི། ཧོང་ཀོང་བ་ཡིན་ཡང་འདྲ། རྒྱ་ནག་སྐམ་ས་ནས་ཡིན་ཡང་འདྲ། ང་ཚོ་ཚང་མ་གྲུ་གཅིག་གི་སྟེང་དུ་བསྡད་ཡོད། ང་ཚོས་བོད་མིའི་ཆབ་སྲིད་བཙོན་པ་གཙོས་པའི་ཆབ་སྲིད་བཙོན་པ་ཚང་མ་གློད་གྲོལ་མ་ཐོབ་པའི་གོང་རང་དབང་ཅན་གྱི་རྒྱ་ནག་ཅིག་ཡོང་བར་བྱེད་པར་མཉམ་རུབ་ཐོག་འཐབ་རྩོད་བྱེད་དགོས་ཀྱི་རེད་’ ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
རྩ་བའི་འདུ་འཛོམས་དེའི་རྒྱུད་རྒྱལ་སྤྱིའི་བཙོན་ཁང་ཁག་ཏུ་བཙོན་འཇུག་བྱེད་བཞིན་པའི་བཙོན་པ་དང་ཡང་འདས་པའི་ལོ་གཅིག་གི་ནང་ཚུད་གློད་གྲོལ་ཐོབ་པའི་བཙོན་པ། དེ་བཞིན་བཙོན་ཁང་ནང་དུ་འདས་གྲོངས་སུ་གྱུར་བའི་བཙོན་པ་བཅས་ལ་མུ་མཐུད་དུ་རྒྱལ་སྤྱིའི་ཐོག་གནས་དོན་གླེང་སློང་བྱེད་པར་འབད་བརྩོན་གནང་གི་ཡོད་པ་རེད། བཙོན་པ་གློད་གྲོལ་གྱི་ལས་འགུལ་སྤེལ་མཁན་ཚོས་རྒྱལ་སྤྱིའི་གཞུང་ཁག་གིས་ཆབ་སྲིད་བཙོན་པ་བཀག་ཉར་བྱས་པའི་རྒྱལ་ཁབ་ཁག་ལ་མུ་མཐུད་ནས་གནོན་ཤུགས་སྤྲོད་དགོས་པ་མ་ཟད། ཁོང་ཚོའི་གྱོད་གཞི་བརྗེད་མི་ཐུབ་པའི་འགན་ལེན་བྱེད་རྒྱུ་གལ་ཆེན་པོ་ཡིན་ཞེས་བརྗོད་ཀྱི་འདུག
འདུ་འཛོམས་དེ་ནི་ཕྱི་ཟླ་ ༡༠ ཚེས་ ༣༠ མཉམ་འབྲེལ་ཚོགས་པ་ཞེས་པ་དང་རྒྱལ་ཡོངས་དམངས་གཙོའི་ཐེབས་རྩ་ཚོགས་པ་(National Endowment for Democracy) གཉིས་ཀྱིས་གོ་སྒྲིག་གནང་པ་ཞིག་རེད་འདུག
པར་ལེན་དང་བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་བདེ་སྐྱིད།
