བོད་མི་གཉིས་ལ་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་གཟེངས་རྟགས་ཐོབ་པ།


2019.11.02
བོད་མི་གཉིས་ལ་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་གཟེངས་རྟགས་ཐོབ་པ། ལྡེ་ར་ལྡུན་ར་ཇའི་སྤུར་རང་བྱུང་ཐོན་རྫས་ཚོང་འདུས་ཐོག་བོད་མི་གཉིས་ལ་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་གཟེངས་རྟགས་ཐོབ་ཡོད་འདུག
བློ་བཟང༌།

ཟླ་༡༡ཚེས་༢ ཉིན་ལྡེ་ར་ལྡུན་ར་ཇའི་སྤུར་(Rajpur Nature festival)ཞེས་རང་བྱུང་ཐོན་རྫས་ཚོང་འདུས་ཐོག་བོད་རིགས་དུད་འགྲོ་བྱམས་སྐྱོང་ཚོགས་པའི་ཚོགས་མི་སྐལ་ལྡན་ལགས་དང་། ཏཱ་ར་དགེ་རྩ་ཚོགས་པའི་འགན་འཛིན་ཚེ་རིང་ཀླུ་ལྡིང་ལགས་རྣམ་གཉིས་ལ་རང་བྱུང་ཁོར་ཡུག་སྲུང་སྐྱོབས་འབྲེལ་བའི་བྱ་དགའ་གཟེངས་རྟགས་ཐོབ་ཡོད་པ་རེད། ཐེངས་འདིའི་བྱ་དགའ་ཐོབ་མཁན་སྐལ་ལྡན་ལགས་ནས་ང་ཚོ་རྒྱ་གར་དུ་ཡོང་ནས་རྒྱ་གར་གཞུང་མང་གཉིས་ཀྱི་ཁུར་པོ་ཞིག་ཆགས་ན་འགྲིག་གི་མེད་ཅིང་། ང་ཚོས་ངོས་ནས་གང་ཡོང་ཅི་ཡོང་གིས་ནུས་ཤུགས་ཡོད་དགུ་བཏོན་ཏེ་ཁོང་ཚོའི་མིག་དཔེ་འོས་པ་ཞིག་དགོས་པ་གལ་ཆེན་པོར་སོང་། ད་ལན་གྱི་བྱ་དགའ་འདི་འདྲ་ཞིག་ཐོབ་པར་ཧ་ཅང་དགའ་སྤོབས་ཆེན་པོ་བྱུང་སོང་ཞེས་འགྲེལ་བརྗོད་གནང་སོང་། རྩ་བའི་ར་ཇའི་སྤུར་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་འདི་བཙུགས་ནས་ལོ་དྲུག་ཙམ་འགྲོ་གི་ཡོད་ཅིང་། ཚོགས་པ་འདིས་ཁོར་ཡུག་སྲུང་སྐྱོབས་ཀྱི་ཆེད་དུ་དམིགས་ནས་ལོ་ལྟར་བཞིན་ཉིན་གསུམ་གྱི་རིང་རང་བྱུང་ཐོན་རྫས་ཁོ་ན་ལས་གྲུབ་པའི་ཚོང་འདུས་རེ་ཚོགས་སྲོལ་ཡོད་པ་དང་། ཚོང་འདུས་ཐོག་རྒྱ་གར་ཡུལ་མི་གཙོ་བོར་གྱུར་པའི་ཉེ་འཁོར་གྱི་བོད་པ་ཚང་མས་ཆ་ཤས་ལེན་ཆོག་གི་ཡོད་པ་མ་ཟད། ཁོར་ཡུག་དང་འབྲེལ་བའི་ཐོག་བྱས་རྗེས་འཇོག་མཁན་རིགས་ལ་བྱ་དགའ་རེ་སྤྲད་སྲོལ་ཡོད་པ་བཞིན་ཐེངས་འདིར་བོད་རིགས་གཉིས་དང་རྒྱ་གར་བ་གཅིག་བཅས་ཁྱོན་མི་གྲངས་གསུམ་ཙམ་ཞིག་བྱ་དགའ་སྤྲད་ཡོད་འདུག །དེའི་ཐད་བྱ་དགའ་ཐོབ་མཁན་ཚེ་རིང་ཀླུ་ལྡིང་ལགས་ནས། ཚོང་འདུས་གོ་སྒྲིག་བྱེད་མཁན་རི་ནོལ་སྦོལ་ལགས་ནས་བོད་པ་སྤྱི་དང་སྒོས་སུ་ཉེ་འཁོར་གྱི་བོད་པ་ཚོ་ནི་ལས་ལ་བརྩོན་ཞིང་གཞན་ཕན་ཤུགས་ཆེ་བ་བཅས་ང་ཚོས་མིག་དཔེ་ལྟ་འོས་པ་ཞིག་ལ་མཐོང་གི་ཡོད་ཅེས་སོགས་བསྔགས་བརྗོད་ཀྱང་གནང་སོང་། ཚོགས་པ་འདིས་ངོས་ནས་ལོ་དྲུག་གི་རིང་ཁོར་ཡུག་ལ་སྨན་སླད་གོ་རྟོགས་ལས་འགུལ་དང་། ཁོར་ཡུག་དང་བདག་མེད་སེམས་ཅན་རིགས་ལ་ལྟ་རྟོག་བྱེད་མཁན་ཚོར་ཆེ་མཐོང་གི་ཚུལ་དུ་བྱ་དགའ་གཟིགས་བཟོས་སྤྲད་པ། དེ་བཞིན་ཁོར་ཡུག་ལ་གནོད་པའི་ཐོན་རྫས་རིགས་བཀག་འགོག་སོགས་ལས་འགུལ་རབས་དང་རིམ་པར་སྤེལ་གྱི་ཡོད་པ་དང་། ལོ་དྲུག་གི་ནང་བོད་རིགས་གཉིས་ལ་བྱ་དགའ་ཐོབ་མྱོང་ཡོད་ཅིང་། ཐེངས་འདི་བོད་རིགས་བྱ་དགའ་ལེན་མཁན་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོད་རེད་འདུག།

གསར་འགོད་པ་བློ་བཟང༌།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎