རྒྱ་ནག་གི་ཉེན་རྟོག་པས་ནག་ཆུ་ས་ཁུལ་གྱི་བོད་མི་བརྒྱ་ལྷག་འཛིན་བཟུང་འདྲི་རྩད་ཀྱིས་ཉེས་ཆད་བཏང་འདུག

2021.08.11
རྒྱ་ནག་གི་ཉེན་རྟོག་པས་ནག་ཆུ་ས་ཁུལ་གྱི་བོད་མི་བརྒྱ་ལྷག་འཛིན་བཟུང་འདྲི་རྩད་ཀྱིས་ཉེས་ཆད་བཏང་འདུག ཕྱི་ཚེས་༩ཉིན་གྱི་ཞོགས་པ་གྲོང་ཚོའི་ནང་ཚོགས་འདུ་ཡོད་སྐོར་བཀོད་ཁྱབ་བཏང་བ་ལྟར། མི་མང་པོ་ཞིག་དེར་འཛོམས་སྐབས་ཁ་པར་ཚང་མ་བསྡུ་ཉར་བྱས་པ།
བོད་འབྱོར་།

ཕྱི་ཟླ་༨་ཚེས་༩་ཉིན་རྒྱ་ནག་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ནས་ཉེན་རྟོག་པས་བོད་མི་༡༡༠་དོ་དམ་བཙན་ཁྲིད་ཀྱིས་འདྲི་རྩད་བྱས་བའི་ཁྲོད་མི་གྲངས་༣༠་ཙམ་མུ་མཐུད་བཀག་ཉར་འོག་བཞག་འདུག
བོད་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱུང་དོན་ལྟར་ན། འདི་ལོའི་ནག་ཆུའི་རྟ་རྒྱུག་དུས་ཆེན་དེ་ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་གྱིས་འཚོགས་རྒྱུ་མཚམས་འཇོག་བྱེད་རྒྱུ་ཡིན་པ་ས་གནས་རྒྱ་ནག་གི་དབང་འཛིན་ལས་ཁུངས་ནས་གསལ་བསྒྲགས་བྱས་པ་དང་། དེ་བཞིན་ས་གནས་མི་མང་ཁྲོད་རྟ་རྒྱུག་གི་སྔོན་འགྲོའི་གྲ་སྒྲིག་སྐབས་ཀྱི་པར་རིས་དང་བརྙན་སོགས་སྐད་འཕྲིན་དང་སྤྱི་ཚོགས་དྲ་ལམ་ཁག་ཏུ་བརྒྱུད་བསྐུར་དང་སྤེལ་མི་ཆོག་པའི་བཀོད་ཁྱབ་ཀྱང་བཏང་ཡོད་འདུག
ཕྱི་ཟླ་༨་ཚེས་༩་ཉིན་ནག་ཆུ་གྲོང་ཁྱེར་བྱང་ལམ་གྲོང་ཚོའི་ནང་ཉེན་རྟོག་པ་༡༡་ཙམ་སླེབས་ནས་གྲོང་མི་༡༡༠་ཉེན་རྟོག་ཁང་དུ་འགྲོ་དགོས་པའི་བཀའ་རྒྱ་བཏང་པ་ལྟར་ཁྲིད་ཅིང་། ཉེན་རྟོག་པས་བོད་མི་དེ་དག་གིས་རྟ་རྒྱུག་གི་སྔོན་འགྲོའི་གྲ་སྒྲིག་སྐབས་ཀྱི་པར་རིས་དང་བརྙན་སོགས་སྐད་འཕྲིན་ནང་བརྒྱུད་བསྐུར་བྱས་ལུགས་ནག་ཉེས་བཙུགས་པ་དང་། ཡང་བརྒྱུད་བསྐུར་བྱས་པའི་པར་རིས་དང་བརྙན་སོགས་ཀྱི་ནང་གཞུང་གི་ལས་བྱེད་པ་དང་ཉེན་རྟོག་པ། དེ་བཞིན་གཞུང་ལམ་སོགས་ཐེབས་པའི་ཁ་པར་གྱི་བདག་པོ་ཚོར་རྒྱ་སྒོར་ལྔ་སྟོང་རེའི་ཆད་པ་བཅད་པ་དང་། བདུན་ཕྲག་རེའི་ནང་ཉེན་རྟོག་ལས་ཁུངས་སུ་ཐེངས་རེ་ཐོ་འགོད་ཆེད་ཡོང་དགོས་ལུགས་བརྗོད་དེ་གློད་གྲོལ་བཏང་འདུག འོན་ཀྱང་ཁོང་ཚོའི་ཁྲོད་ཀྱི་མི་གྲངས་༣༠་ཙམ་ད་དུང་ཡང་བཀག་ཉར་འོག་བཞག་ཡོད་པ་བོད་ནང་གི་གནས་ཚུལ་མཁོ་སྤྲོད་པ་དེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས། བསྟན་འཛིན་འཕགས་སྒྲོན། ཨོ་རྒྱན་བསྟན་འཛིན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེས་བལ་ཡུལ་ནང་སེར་སྐྱ་མི་མང་ཁྲི་ཚོ་བརྒལ་བར་ཆོས་འབྲེལ་བཀྲིན་བསྐྱངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རུ་ན་ཅལ་ཁུལ་དུ་ལོ་རྒྱུས་རང་བཞིན་ལྡན་པའི་༸གོང་ས་མཆོག་གི་བྲོས་བྱོལ་ཕེབས་ལམ་དེ་ཉིད་ཉར་ཚགས་ཆེད་ལས་གཞི་མགོ་འཛུགས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎