རྒྱ་ནག་ནང་ཨོ་ལིམ་པིཀསི་ཚོགས་རྒྱུར་ངོ་རྒོལ་བྱེད་མཁན་ཁྲོད་མི་གསུམ་མུ་མཐུད་དུ་གྷིརསི་ཉེན་རྟོག་པའི་བཀག་ཉར་འོག་འདུག

2021.10.19
རྒྱ་ནག་ནང་ཨོ་ལིམ་པིཀསི་ཚོགས་རྒྱུར་ངོ་རྒོལ་བྱེད་མཁན་ཁྲོད་མི་གསུམ་མུ་མཐུད་དུ་གྷིརསི་ཉེན་རྟོག་པའི་བཀག་ཉར་འོག་འདུག རྒྱ་ནག་ལ་ཨོ་ལིམ་པིཀསི་རྩེད་འགྲན་གྱི་དཔལ་འབར་རྩིས་སྤྲོད་བྱེད་ཡུལ་ནས་ངོ་རྒོལ་ལས་འགུལ་སྐབས། ༡༠།༡༨།༢༡
སྒྲིག་བཟོ།

བོད་མི་དང་ཧོང་ཀོང་བ་གཙོས་ལས་འགུལ་བ་ཚོས་གྷི་རི་སིའི་ནང་༢༠༢༢་ལོའི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་གྱི་དཔལ་འབར་དེ་རྒྱ་ནག་ལ་དངོས་སུ་རྩིས་སྤྲོད་ཀྱི་མཛད་སྒོའི་ཉིན་མོ་དང་བསྟུན། དཔལ་འབར་རྒྱ་ནག་ལ་རྩིས་སྤྲོད་ཀྱི་མཛད་སྒོ་སྤེལ་སའི་ས་གནས་་དང་ཉེ་འགྲམ་བཅས་ནས་ངོ་རྒོལ་བྱས་རྗེས་འཛིན་བཟུང་བཀག་ཉར་བྱས་བ་སོགས་ཀྱི་གནས་ཚུལ་བྱུང་ཡོད།
དེ་བཞིན་ཨེ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འདི་ཚེས་༡༩་རེས་གཟའ་མིག་མར་ཉིན་རྒྱལ་ས་(Athens)་རུ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་བོད་དོན་ལས་འགུལ་བ་ཚོས་གསར་འགོད་གསལ་བསྒྲགས་སྤེལ་ནས། ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་ཚོགས་ཆུང་གིས་རྒྱ་ནག་ནང་༢༠༢༢་ལོའི་དགུན་དུས་ཀྱི་རྩེད་འགྲན་ཚོགས་བཅུག་པའི་ཐག་གཅོད་ནི། རྒྱ་ནག་གཞུང་གིས་མི་རིགས་རྩ་མེད་བཏང་དང་གཏོང་བཞིན་པའི་སྲིད་ཇུས་དང་འགྲོ་བ་མིའི་ཐོབ་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་ལ་རྒྱབ་སྐྱོར་གྱི་རྣམ་པ་མཚོན་གྱི་ཡོད་པ་གསལ་འདོན་བྱས་བ་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་སྤྱི་ཁྱབ་འགན་འཛིན་(Mandie McKeown)་ལགས་ཀྱིས། རྒྱལ་སྤྱིའི་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་ཚོགས་ཆུང་གིས། རྒྱ་ནག་ལྟ་བུ་ཨོ་ལིམ་པིཀསི་རྩེད་འགྲན་གྱི་དམིགས་ཡུལ་དང་ལངས་ཕྱོགས་ཐ་དད་འཛིན་མཁན་རྒྱལ་ཁབ་ཞིག་ལ་རྩེད་འགྲན་གྱི་མགྲོན་བདག་སྤྲད་པ་དེ་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་པ་མ་ཟད། ཨོ་ལིམ་པིཀསི་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་གི་འཁྲབ་སྟོན་གྱི་ངོ་གདོང་ངོ་མ་བསྟན་པ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་འདུག
རྒྱ་ནག་གཞུང་གིས་རྒྱ་ནག་གི་དབང་འོག་ཏུ་ཡོད་པའི་བོད་དང་། ཤིང་ཅིང་ངམ་ཤར་ཏུར་ཀིསུ་ཐན་གྱི་ཡུ་གུར་བ་གཙོས་ཁ་ཆེ་གྲངས་ཉུང་མི་རིགས་དང་། ཧོང་ཀོང་བཅས་པའི་ནང་སྡུག་རྩུབ་ཅན་དང་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་བྱས་དང་བྱེད་བཞིན་པ་དང་། དེ་བཞིན་ཐེ་ཝན་ལ་སྡིགས་ར་སྐུལ་བཞིན་པའི་གནད་དོན་བཅས་ལ་བརྟེན་ནས། རྒྱལ་སྤྱིའི་ཐོག་༢༠༢༢་ལོའི་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་གྱི་མགྲོན་བདག་དེ་རྒྱ་ནག་ལ་འོས་བབ་མེད་པའི་སྐྱོན་བརྗོད་དང་ངོ་རྒོལ་བསྟུད་མར་བྱུང་བཞིན་ཡོད་པ་རེད། འོན་ཀྱང་རེས་གཟའ་ཟླ་བའི་ཉིན་(Greece)་རྒྱལ་ས་(Athens)་རུ་ ཨོ་ལིམ་པིཀསི་རྩེད་འགྲན་གྱི་དཔལ་འབར་མེ་ལྕེ་སྤར་བའི་མཛད་སྒོའི་སྐབས། ཨོ་ལིམ་པིཀསི་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་(Thomas Bach)་གྱིས། ཨོ་ལིམ་པིཀསི་རྩེད་འགྲན་ནི་ཆབ་སྲིད་དང་འབྲེལ་བ་མེད་པའི་བར་གནས་ཀྱི་གླེང་སྟེགས་ཞིག་ཡིན་ལུགས་བརྗོད་ཡོད་པ་རེད།
འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ལས་འགུལ་བ་ཚོའི་གསར་འགོད་ལྷན་ཚོགས་ཐོག ཨོ་ལིམ་པིཀསི་གོ་སྒྲིག་ཚོགས་ཆུང་ནས་༢༠༠༨་ལོའི་དབྱར་དུས་རྩེད་འགྲན་གྱི་མགྲོན་བདག་རྒྱ་ནག་ལ་སྤྲད་པ་དེས། རྒྱ་ནག་ཁྱོན་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་འགྲོ་རྒྱུའི་ཚབ་ལས་ལྡོག་སྟེ། རྒྱ་ནག་གཞུང་ལ་དྲག་གནོན་དང་དམ་དྲག་ཆེ་རུ་གཏོང་རྒྱུའི་བློ་སྟོབས་བསྐྱེད་ནས། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་སོང་ཡོད་པའི་གནས་ལུགས་འགྲེལ་བརྗོད་བྱས་འདུག

JPG Edit.jpg

རེས་གཟའ་ཟླ་བའི་ཉིན། རྒྱ་ནག་ལ་ཨོ་ལིམ་པིཀསི་རྩེད་འགྲན་གྱི་དཔལ་འབར་སྤྲོད་པའི་མཛད་སྒོ་དེ། ཏོག་དབྱིབས་ནད་ཡམས་ལ་བརྟེན་ནས་མི་མང་འདུ་འཛོམས་མེད་པ་དང་དམ་དྲག་ངང་བྱས་ཡོད་ཀྱང་། བོད་མི་དང་ཧོང་ཀོང་བ་གཙོས་ལས་འགུལ་བ་ཚོས་གྷི་རི་སིའི་ནང་༢༠༢༢་ལོའི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་གྱི་དཔལ་འབར་དེ་རྒྱ་ནག་ལ་དངོས་སུ་རྩིས་སྤྲོད་ཀྱི་མཛད་སྒོའི་ཉིན་མོ་དང་བསྟུན། དཔལ་འབར་རྒྱ་ནག་ལ་རྩིས་སྤྲོད་ཀྱི་མཛད་སྒོ་སྤེལ་སའི་ས་གནས་དང་ཉེ་འགྲམ་བཅས་ནས་ངོ་རྒོལ་བྱས་རྗེས་འཛིན་བཟུང་བཀག་ཉར་བྱས་བའི་ཁྲོད་མང་ཆེ་བ་གློད་གྲོལ་བཏང་ཡོད་ཀྱང་། བོད་དོན་ལས་འགུལ་བ་འཆི་མེད་ལྷ་མོ་དང་། (Jason Leith) འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་(Fern Macdougel)་བཅས་གསུམ་མུ་མཐུད་དུ་བཀག་ཉར་འོག་ཡོད་པ་རེད་འདུག
དེ་བཞིན་འདི་ཚེས་༡༩་ཉིན། བཞུགས་སྒར་རྡ་རམ་སཱ་ལར་བོད་རང་བཙན་སློབ་ཕྲུག་ཚོགས་པས་༢༠༢༢་ལོར་པེ་ཅིང་་དུ་ཨོ་ལིམ་པིཀསི་རྩེད་མི་ཆོག་(No Beijing2022)་ཞེས་པའི་བརྗོད་ཚིག་འོག་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་ཚོགས་པ་གཉིས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སོང་། སྐབས་དེར་ལས་འགུལ་བ་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་མཁན་རྒྱ་ནག་གཞུང་ཙམ་མ་ཟད། རྒྱལ་ཁབ་དེའི་ནང་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་ཚོགས་རྒྱུའི་ཐད་རྒྱབ་སྐྱོར་བྱེད་མཁན་ཚང་མར་ངོ་རྒོལ་མཐའ་གཅིག་ཏུ་ཡོད་པ་འགྲེལ་བརྗོད་གནང་གི་འདུག
༢༠༢༢་ལོའི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་གྱི་དཔལ་འབར་རྒྱ་ནག་ལ་རྩིས་སྤྲོད་མཛད་སྒོའི་སྐབས། རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་ཚོགས་པའི་གཙོ་འཛིན་སྐུ་ཞབས་(Thomas Bach)་ལགས་ཀྱིས། ཨོ་ལིམ་པིཀསི་རྩེད་འགྲན་བརྒྱུད་འགྲོ་བ་མིའི་བར་འབྲེལ་བ་བཟང་དུ་འགྲོ་བཞིན་ཡོད་པའི་ཁར། གོ་ལ་གཅིག་གྱུར་གྱི་ནུས་པ་དེ་ཡང་མཚོན་ཐུབ་ཅེས་བརྗོད་འདུག འོན་ཀྱང་། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་བསྟན་འཛིན་འཕགས་སྒྲོན་ལགས་ཀྱིས། རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་ཚོགས་པའི་གཙོ་འཛིན་གྱིས་རྒྱ་ནག་ལ་དཔལ་འབར་རྩིས་སྤྲོད་བྱས་པ་དེ་ནོར་ཡོད་པ་དང་། ཁོང་གིས་དེ་སྔ་གཏམ་བཤད་བྱས་པ་དེ་བོད་ནང་གི་དངོས་གནས་སྟངས་དང་འགལ་ཟླ་ཆགས་ཡོད་པ་འགྲེལ་བརྗོད་གནང་གི་འདུག
དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པས་སྤེལ་བའི་བསྒྲགས་གཏམ་ནང་། དེ་སྔ་རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་ཚོགས་པས་༢༠༠༨་ལོར་ཨོ་ལིམ་པིཀསི་རྩེད་འགྲན་དེ་རྒྱ་ནག་ནང་ཚོགས་པ་ཡིན་ཚེ། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བཟང་དུ་འགྲོ་རྒྱུ་ཡིན་པ་འགྲེལ་བརྗོད་བྱས་ཡོད་ཀྱང་། ད་སྐབས་རྒྱ་ནག་གཞུང་གིས་སྲིད་བྱུས་འདྲ་མིན་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་། ཆོས་དད་དང་སྐད་ཡིག་གི་རང་དབང་སོགས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་ཐེར་འདོན་བྱས་འདུག་པ་མ་ཟད། ལས་འགུལ་བ་བཀྲིས་དོན་གྲུབ་ལགས་ཀྱིས། ད་རེས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་རྒྱུ་དེ་བོད་མི་ཙམ་མ་ཟད། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚང་མར་འགན་ཡོད་པ་གསུངས་ཀྱི་འདུག
རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་ནི་རྒྱལ་ཁབ་མང་པོ་མཉམ་དུ་འཛོམས་ཏེ་འགྲོ་བ་མིའི་བར་མཛའ་མཐུན་གྱི་ཀུན་སྤྱོད་སྟོན་སའི་སྡིངས་ཆ་ཞིག་ཡིན་པ་རྩེད་འགྲན་དེའི་གཞི་རྩའི་དམིགས་ཡུལ་ནང་གསལ་འདུག་པ་མ་ཟད། གོ་ལ་གཅིག་གྱུར་དང༌། འགྲོ་བ་མིའི་ཐོབ་ཐང་བཅས་ཡར་རྒྱས་སུ་གཏོང་བར་དམིགས་པའི་རྩེད་འགྲན་གལ་ཆེན་ཞིག་ཡིན་པ་གསལ་སྟོན་བྱས་འདུག་ཀྱང་། ད་ཆ་རྒྱལ་སྤྱིའི་ཨོ་ལིམ་པིགསི་རྩེད་འགྲན་ཚོགས་པས་རྩེད་འགྲན་དེའི་དམིགས་ཡུལ་གཞིར་བཟུང་འགན་འཁྲི་ཁུར་གྱི་མེད་པ་བརྗོད་འདུག
སྤྱི་ཚེས་༡༧་དང་༡༨་ཉིན་སོ་སོར་བོད་མི་དང་ཧོང་ཀོང་བ་གཙོས་ལས་འགུལ་པས་གྷི་རི་སིའི་ནང་ཨོ་ལིམ་པིཀསི་རྩེད་འགྲན་དཔལ་འབར་རྒྱ་ནག་ལ་རྩིས་སྤྲོད་ཀྱི་མཛད་སྒོ་སྤེལ་སའི་ས་གནས་ནས་ངོ་རྒོལ་རིམ་པ་བྱས་བ་དང་འཛིན་བཟུང་བཀག་ཉར་བྱས་བའི་གནས་ཚུལ་བྱུང་ཡོད།
༢༠༢༢་ལོའི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་དེ་མི་རིང་བའི་༢༠༢༢་ལོའི་སྤྱི་ཟླ་༢་པའི་ཚེས་༤་ནས་༢༠་བར་རྒྱ་ནག་པེ་ཅིང་ཏུ་འཚོགས་རྒྱུ་ཡིན་འདུག

གསར་འགོད་པ། དོན་གྲུབ་རྣམ་རྒྱལ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ཨ་ཚོགས་དགོན་གྱི་རིག་དངོས་རྩིས་མེད་ཀྱིས་གནས་སྤོར་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎