ཆབ་སྲིད་བཙོན་ཟུར་སྒྲོལ་དཀར་ལགས་ཀྱི་སྐུ་གཟུགས་གནས་སྟངས་དཀའ་ངལ་གྱི་གནས་སུ་ཡོད་འདུག

2022.02.08
ཆབ་སྲིད་བཙོན་ཟུར་སྒྲོལ་དཀར་ལགས་ཀྱི་སྐུ་གཟུགས་གནས་སྟངས་དཀའ་ངལ་གྱི་གནས་སུ་ཡོད་འདུག སྒྲོལ་དཀར་ལགས་ཀྱི་དེ་སྔའི་པར། ༼ཟླ་ཚེས་མི་གསལ
བོད་འབྱོར།/RFA

དེ་སྔ་ཕྱི་ལོ་༢༠༡༩་ལོའི་ཟླ་༥་ཚེས་༣་ཉིན་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་གིས། ལོ་༡་དང་ཟླ་༣་རིང་བཙོན་མཇུག་ཁྲིམས་ཐག་བཅད་རྗེས་གློད་གྲོལ་བྱུང་བ། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྫོང་ནས་ཡིན་པའི་ཆབ་སྲིད་བཙོན་ཟུར་སྒྲོལ་དཀར་ལགས་བཙོན་ཁང་དུ་ཡོད་སྐབས་གཅར་རྡུང་དང་ཡུན་རིང་ངལ་རྩོལ་ལ་བཀོལ་བའི་རྐྱེན། ཁོ་མོའི་དཔྱི་མགོ་གཉིས་ནད་པར་གྱུར་ཏེ་འགུལ་སྐྱོད་མི་ཐུབ་པའི་གནས་སུ་ལྷུང་ཡོད་པ་མ་ཟད། སྨན་ཁང་ནས་ཡུན་རིང་སྨན་བཅོས་བྱས་ཀྱང་ཕན་ཐོགས་གང་ཡང་མ་བྱུང་སྟབས། ཐབས་ཤེས་ཟད་དེ་ཕྱིར་རང་ཁྱིམ་དུ་ལོག་ནས་བསྡད་ཡོད་པ། འབྲེལ་ཡོད་བོད་ནང་གི་བོད་མི་ཞིག་ནས་ཡིག་ཐོག་བརྒྱུད་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ད་དུང་གནས་ཚུལ་མཁོ་སྤྲོད་པས་བརྗོད་པར་གཞིགས་ན། སྒྲོལ་དཀར་ལགས་བཙོན་ནས་གློད་གྲོལ་བཏང་རྗེས་གཟུགས་གཞི་བདེ་ཐང་མེད་པར་ཆགས་ཏེ་ཡུན་རིང་ནད་མནར་ཏུ་གྱུར་ཞིང་། ད་ལྟའི་ཆར་ཁྱིམ་དུ་ལོག་ནས་འཆི་གསོན་གང་ཡོང་མི་ཤེས་པའི་གནས་སུ་ཡོད་འདུག་པ་དང་། སྲིད་གཞུང་གིས་མུ་མཐུད་དུ་ཁོ་མོའི་འགྲོ་འདུག་དང་འབྲེལ་འདྲིས་ཐད་དམ་དྲག་བྱེད་བཞིན་ཡོད་པར་མ་ཟད། ཕྱི་ཕྱོགས་སུ་འབྲེལ་བ་བྱེད་བཞིན་ཡོད་མེད་གསང་ཉན་དང་ཁ་པར་ནང་སྐད་ཆ་ག་རེ་བཤད་པ་སོགས་སྒྲ་མཇུག་རིགས་བྱས་ཏེ་ཧ་ཅང་དཀའ་བའི་གནས་སུ་ལྷུང་ཡོད་འདུག
ཡང་བཙན་བྱོལ་ནང་གནས་སྡོད་འབྲེལ་ཡོད་བོད་མི་ཞིག་གིས་ཀྱང་སྒྲོལ་དཀར་ལགས་ཀྱི་གནས་སྟངས་ཧ་ཅང་ཐབས་སྡུག་གི་གནས་སུ་ལྷུང་ཡོད་པ་བརྗོད་བྱུང་བར་མ་ཟད། ཁོ་མོས་མི་གཞན་ཞིག་དང་བརྙན་ལམ་ནས་ཁ་པར་ཐོག་སྐད་ཆ་ཤོད་སྐབས། ཁོང་དང་ཁོང་གི་སྐད་ཆ་ཤོད་རོགས་སུས་ཀྱང་བརྙན་ངོས་ཀྱི་པར་མ་བླང་ཡང་བརྙན་ལམ་ཁ་པར་གྱི་བར་མཚམས་སུ་བརྙན་ངོས་ཀྱི་པར་བཏང་པ་སོགས་བྱེད་བཞིན་འདུག་པ་དེ་དག་ནི་རྒྱ་ནག་གཞུང་གིས་ཁོ་མོའི་ཐོག་ལྟ་སྲུང་དང་འཇིགས་སྐུལ་བྱས་པ་ཡིན་པར་ཡིད་ཆེས་བྱེད་བཞིན་འདུག་ལ། སྒྲོལ་དཀར་ལགས་ཀྱི་གནས་སྟངས་ཅི་ཆགས་ལ་སེམས་ཁྲལ་ཆེན་པོ་ཡོད་པ་འགྲེལ་བརྗོད་གནང་གི་འདུག

dolkar wangchen.jpg
སྒྲོལ་དཀར་ལགས་ལགས་ཕྱི་ལོ་༢༠༡༩་ཟླ་༤་ཚེས་༢༩་ཉིན་རང་ལོ་༢༠་ཙམ་ཡིན་པའི་ཁོང་མོའི་ཚ་བོ་དབང་ཆེན་ལགས་དང་། ཁོང་གི་གྲོགས་པོ་བློ་བཟང་དང་ཡོན་ཏན་གཉིས་ནས། སེར་ཤུལ་དགོན་གྱི་རྒྱབ་རིའི་སྒང་དུ་ལབ་རྩེ་ཞིག་ཡོད་པ་དེར་བསང་གསོལ་དང་འབྲེལ། ༧ཀུན་གཟིགས་པན་ཆེན་རིན་པོ་ཆེ་འཕྲལ་དུ་གློད་གྲོལ་གཏོང་དགོས་པ་དང་། ༧རྒྱལ་བ་པན་ཆེན་གཉིས་བོད་དུ་ཞལ་འཛོམས་དགོས་པའི་སྐད་འབོད་བྱས་པའི་སྐོར་སྒྲོལ་དཀར་ལགས་ནས་གནས་ཚུལ་དེ་ཕྱི་ཕྱོགས་སུ་བསྒྲགས་པའི་ཉེས་འཛུགས་དང་ངན་པ་ལག་འབྲེལ་བྱས་སྐོར་བརྗོད་ནས་འཛིན་བཟུང་བྱས་ཤིང་། ཕྱི་ལོ་༢༠༡༩་ཟླ་༥་ཚེས་༨་ཉིན་སེར་ཤུལ་རྫོང་མི་མང་ཁྲིམས་ཁང་གིས་ཁོ་མོར་ལོ་གཅིག་དང་ཟླ་༣་གྱི་ཁྲིམས་ཐག་བཅད་ཡོད་པ་རེད།
ཁོང་མོའི་ཚ་བོ་དབང་ཆེན་ལགས་སུ་རྒྱལ་ཁབ་ཀྱི་ཁྲིམས་ལ་ངོ་རྒོལ་གྱེན་ལངས་བྱེད་པར་རྩ་འཛུགས་དང་སྣེ་ཁྲིད་བྱས་པའི་ཉེས་མིང་འོག་ལོ་༤་དང་ཟླ་༦་གི་བཙོན་མཇུག་ཁྲིམས་ཐག་བཅད་ཅིང་། ཁོང་གི་གྲོགས་པོ་ཡོན་ཏན་ལགས་ལ་རྒྱ་སྒོར༡༥༠༠༠་རེ་ཡི་ཉེས་ཆད་བཅད་ནས་ཟླ་དྲུག་རིང་རྒྱལ་སྤྱིའི་བདེ་འཇགས་སློབ་གསོ་ཟབ་སྦྱོང་འཛིན་གྲྭ་ཞེས་པར་བཏང་རྗེས་གློད་ཡོད་འདུག ད་ལྟའི་ཆར་དབང་ཆེན་ལགས་བཙོན་ཁང་དུ་ཡོད་པ་མ་ཟད།་ནང་མི་ཉེ་འབྲེལ་དང་ཐུག་འཕྲད་བྱེད་མ་བཅུག་པར་ལོ་གཉིས་ལྷག་འགྲོ་བཞིན་ཡོད་པ་དང་། སྒྲོལ་དཀར་ལགས་ཀྱིས་རང་གི་ཚ་བོ་དབང་ཆེན་ལགས་དང་བསྐྱར་དུ་ངོ་ཐུག་ཅིག་ཡོང་རྒྱུར་རེ་བ་ཆེན་པོ་གནང་གི་ཡོད་འདུག

འབྲེལ་ཡོད་དེ་སྔའི་གསར་འགྱུར།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དིང་རི་རྫོང་དུ་སླར་ཡང་ཕྱི་ཚེས་ ༡༣ ཉིན་ས་ཡོམ་འགུལ་ཚད་ ༥.༡ ཅན་ཞིག་བརྒྱབ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎