སྨོན་ཚིག་བསྒྲགས་པ་ལ་བརྟེན་འཛིན་བཟུང་གིས་ལོ་བཞི་ལྷག་གི་ཁྲིམས་ཐག་ཉེས་ཆད་བཏང་འདུག


2019.05.08
སྒྲོལ་དཀར་ལགས་དང་། དབང་ཆེན་ལགས་གཉིས་ཀྱི་ཉེ་པར། སྒྲོལ་དཀར་ལགས་དང་། དབང་ཆེན་ལགས་གཉིས་ཀྱི་ཉེ་པར།
བོད་འབྱོར།

ཉེ་ལམ་སེར་ཤུལ་ཕྱོཊ་ཀྱི་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་བའི་བོད་མི་དབང་ཆེན་བཅས་མི་གཉིས་ལ་བཙོན་འཇུག་ཁྲིམས་ཐག་བཅད་འདུག
དེ་ཡང་མིང་འབོད་གནང་འདོད་མེད་པའི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། ཉེ་ལམ་ཕྱི་ཟླ་༤ཚེས་༢༩་ཉིན་སེར་ཤུལ་ཕྱོགས་སུ་བསང་གསོལ་སྐབས་པཎ་ཆེན་རིནཔོ་ཆེ་གློད་གྲོལ་ཡོང་བའི་སྨོན་ཚིག་བསྒྲགས་པའི་ནག་ཉེས་བཀལ་ནས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་པ་དབང་ཆེན་ལགས་དང་ཁོང་གི་ཨ་ཎེ་སྒྲོལ་དཀར་ལགས་སོ་སོར་དེ་རིང་ཕྱི་ཟླ་ ༥ ཚེས་ ༨ ཉིན་ལོ་བཞི་དང་ཕྱེད་ཀ་དང་ལོ་གཅིག་དང་ཟླ་བ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག་ཅིང་།  ཁོང་ཚོའི་རོགས་པ་བློ་བཟང་དང་ཡོན་ཏན་གཉིས་ལ་རྒྱ་མིའི་སྒོར་མོ་ཆིག་ཁྲི་ལྔ་སྟོང་གི་དངུལ་གྱི་ཆད་པ་བཀེལ་བའི་ཐོག། སེར་ཤུལ་རྫོང་གི་རྒྱལ་ཁབ་སློབ་གསོ་ཡན་ལག་ལས་ཁུངས་ཟེར་བར་རྩིས་སྤྲོད་ཀྱིས་ཟླ་བ་དྲུག་རིང་རྒྱལ་སྤྱིའི་བདེ་འཇགས་སློབ་གསོའི་ཟབ་སྦྱོང་འཛིན་གྲྭ་ཞེས་པར་འགྲོ་དགོས་པ་བཟོས་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་གནང་པར་གཞིགས་ན། སེར་ཤུལ་རྫོང་མི་མང་ཁྲིམས་ཁང་གིས་དབང་ཆེན་ལགས་ལ་མངོན་གསལ་དོད་པོའི་ཐོག་ནས་རྒྱལ་ཁབ་ཀྱི་ཁྲིམས་ལ་ངོ་རྒོལ་གྱེན་ལངས་རྩ་འཛུགས་དང་། སྣེ་ཁྲིད་བྱེད་མཁན་གྱི་ནག་ཉེས་བཙུགས་ཤིང་།  ཁོང་གི་ཨ་ནེ་སྒྲོལ་དཀར་ལགས་ལ་ངན་པ་ལག་འབྲེལ་བྱས་ཏེ་རྒྱལ་ཁབ་ཀྱི་རྩ་དོན་དང་། ས་གནས་བདེ་འཇགས་ལ་གནོད་པའི་གསང་བ་ཕྱིར་བསྒྲགས་བྱས་པའི་ནག་ཉེས་བཙུགས་ཡོད་འདུག
དེ་རིང་ཁྲིམས་རྭར་ཁོང་གཉིས་ཀྱི་སྤུན་ཆེད་མི་ ༣ མ་གཏོགས་གཞན་སུ་ཡང་ཡོང་བཅུག་མིན་འདུག་ལ།  ད་དུང་ཁྲིམས་ཁང་གིས་གལ་ཏེ་ཁྲིམས་ཐག་བཅད་པའི་གནས་ཚུལ་ཕྱིར་གྱར་མི་བྱེད་པའི་ཁས་ལེན་བྱེད་བཅུག་འདུག་པར་མ་ཟད། གལ་ཏེ་མི་གཞན་ལ་བཤད་ཚེ་ཉེས་ཆད་ལྗིད་མོ་གཅོད་རྒྱུའི་ཉེན་བརྡ་ཡང་བཏང་འདུག དབང་ཆེན་ལགས་དང་སྒྲོལ་དཀར་ལགས་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་རྗེས་བཙོན་ཁང་གང་དུ་ཁྲིད་ཡོད་མིན་གནས་ཚུལ་གསལ་ཁ་མེད་པ་རེད།
རྣམ་ཀུན་རྒྱ་ནག་གཞུང་གིས་ནག་ཉེས་ཞིག་གི་ཐོག་འཇུ་བཟུང་བྱས་རྗེས་བཀག་ཉར་རྒྱུན་རིང་བྱེད་སྲོལ་ཡོད་ན་ཡང་། ད་རེས་དབང་ཆེན་ལགས་དང་ཁོང་གི་ཨ་ནེ་གཉིས། དེ་བཞིན་ཁོང་ཚོའི་རོགས་པ་བཅས་པ་འཇུ་བཟུང་བྱས་རྗེས་ཁྲིམས་བཅད་ཉིན་གྲངས་བཅུའི་ནང་ཚུད་བྱས་པ་འདི་ནི་རྒྱུན་ལྡན་ཅན་མིན་པར་ཧ་ཅང་གི་མྱུར་པོ་ཞིག་ཡིན་པ་རེད།
ཉེ་སྔོན་ཕྱི་ཟླ་ ༤ ཚེས་ ༢༩ ཉིན། བོད་མི་ཁག་ཅིག་གིས་སེར་ཤུལ་དགོན་པའི་རྒྱབ་རིའི་སྟེང་བསང་གསོལ་བྱེད་བཞིན་པའི་སྐབས། དབང་ཆེན་ལགས་ཀྱིས་༧པན་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པ་དང་། ༧རྒྱལ་བ་༧པཎ་ཆེན་རྣམ་གཉིས་བོད་ནང་ཞལ་འཛོམས་ཡོང་བའི་སྨོན་ཚིག་བསྒྲགས་པར་བརྟེན་མར་རི་འདབས་སུ་སླེབས་སྐབས་ཉེན་རྟོག་པ་འགའ་ཡོང་སྟེ། ཁོང་དང་རོགས་པ་གཉིས་བཅས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་རེད།
དེ་སྔའི་འཛིན་བཟུང་གནས་ཚུལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎