བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགོངས་རྫོགས་ལ་མྱ་ངན་དང་ཁོང་གི་མཛད་རྗེས་གླེང་མཁན་མང་པོ་ཡོང་བཞིན་འདུག

2025.02.08
བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགོངས་རྫོགས་ལ་མྱ་ངན་དང་ཁོང་གི་མཛད་རྗེས་གླེང་མཁན་མང་པོ་ཡོང་བཞིན་འདུག ༧སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགུང་གྲངས་ ༩༧ ཐོག་དགོངས་པ་རྫོགས་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན། དཔལ་ལྡན་རྒྱལ།

གནས་ཚུལ་ཁ་སྣོན་བྱས་ཡོད།

ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༨ ཉིན་གྱི་དགོང་དྲོ་ཆུ་ཚོད་ ༥།༤༠ ཙམ་གྱི་ཐོག་དགུང་གྲངས་ ༩༧ ཐོག་སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་རྒྱ་གར་ཀ་བློན་སྦུག་དུ་ཁོང་གི་གཟིམ་ཤག་ཏུ་དགོངས་པ་རྫོགས་འདུག རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པའི་གནས་ཚུལ་ཐོན་མ་ཐག་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཁོང་ལ་མྱ་ངན་གུས་འདུད་དང་། ཁོང་གི་མཛད་རྗེས་གླེང་མཁན་མང་པོ་ཡོང་བཞིན་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤྱི་ཚོགས་དྲྭ་ལམ་ X བརྒྱུད་གསུངས་དོན། བོད་མིའི་སྒྲིག་འཛུགས་དང་། བོད་མི་རྣམས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པར་སེམས་གཏིང་ནས་མྱ་ངན་གུས་འདུད་ཞུ་རྒྱུ་ཡིན། ཁོང་གིས་བོད་དོན་ཆེད་ཞབས་འདེགས་རླབས་ཆེན་བསྒྲུབས་ཏེ་སྐུ་ཚེ་དོན་དང་ལྡན་པ་སྐྱེལ་གནང་ཡོད་པ་མ་ཟད། ཁོང་ནི་བོད་ཀྱི་ལོ་རྒྱུས་ནང་གི་རླབས་ཆེན་གྱི་མི་སྣ་ཞིག་ཡིན།  ཁོང་གི་མཛད་རྗེས་ཀྱིས་མི་རབས་རྗེས་མ་ཚོར་སེམས་འགུལ་ཐེབས་ངེས་ཡིན། སླར་ཡང་མྱུར་དུ་སྐུ་སྐྱེ་བཟང་པོ་ཞིག་བཞེས་ནས་དགེ་བའི་མཛད་རྗེས་མུ་མཐུད་འཇོག་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས་འདུག དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་སྤྱི་ཚོགས་དྲྭ་ལམ་ X བརྒྱུད་ཐུགས་གསོ་ཞུས་པའི་ནང་། ༸སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པར་བློ་ཕམ་དང་བཅས་མྱ་ངན་གུས་འདུད་ཞུ་རྒྱུ་དང་། དམ་པ་ཁོང་གིས་སྐུ་ཚེ་ཧྲིལ་པོར་བོད་ཀྱི་རྩ་དོན་ཐོག་སྐུ་ལས་བསྐྱོན་པ་དང་། རླབས་ཆེན་གྱི་ཞབས་ཞུ་བསྒྲུབས་གནང་བར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་། དེས་ང་ཚོའི་བོད་ཀྱི་རང་དབང་དང་བདེན་དོན་རྩོད་རྒྱུར་སེམས་ཤུགས་སྤར་ངེས་ཡིན་ཞེས་འཁོད་འདུག་ལ། འདི་ཚེས་ ༡༤ ཉིན་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ (Prem Singh Tamang) ལགས་ནས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་མཆོག་གི་ཀ་སྦུག་གཟིམ་ཤག་ཏུ་ཆེད་ཕེབས་ཀྱིས། ཤུལ་ལུས་ནང་མི་ཉེ་འབྲེལ་རྣམས་ལ་ཐུགས་གསོ་ཞུས་ཡོད་པ་དང་མཉམ། རང་ཉིད་ཀྱི་ངོ་དེབ་བརྒྱུད་ངོ་དེབ་བརྒྱུད། ༸སྐུའི་གཅེན་པོ་དགོངས་པ་རྫོགས་པར་མྱ་ངན་ཞུ་རྒྱུ་དང་། གང་ཉིད་སྤྱི་ཚོགས་ཀྱི་བདེ་དོན་ཐད་ཐུགས་ཁུར་ཆེ་བཞེས་ཀྱིས་སྐུ་ལས་འཛེམས་་མེད་བསྐྱོན་ཡོད་པར་རྟག་ཏུ་གུས་བརྩི་དང་ཡི་རང་ཞུ་རྒྱུ་ཡིན་ཞེས་དང་། ༸སྐུ་ཉིད་ཀྱི་ནང་མི་ཉེ་འབྲེལ་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག

WhatsApp Image 2025-02-09 at 10.10.48 AM.jpeg
རྒྱ་གར་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ (Prem Singh Tamang) ལགས་ཀྱིས་ཐུགས་གསོ་ཞུས་པ། ༢༠༢༥།༠༢།༠༨ ཉིན། Prem Singh Tamang/FB

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས།  སྐུ་ངོ་རྒྱལ་ལོ་དོན་གྲུབ་དམ་པ་ཁོང་བོད་མིའི་སྤྱི་ཚོགས་ནང་བྱས་རྗེས་ཆེ་བའི་གང་ཟག་ཅིག་ཆགས་ཡོད་པ་རེད། གཙོ་བོ་བོད་དང་། བོད་མིའི་བདེ་དོན།  རྒྱལ་བ་རིན་པོ་ཆེ་ལ་རམ་འདེགས་ཆེད་ཐབས་ཇུས་དང་ལྡན་པའི་ངང་ཕྱོགས་ཡོངས་ནས་ལས་གཞི་སྤེལ་མཁན་ཞིག་ཆགས་འདུག   ༡༩༥༠ ནང་ནས་ཨ་རིའི་གསང་བའི་ལས་ཁུངས་དང་། རྒྱལ་སྤྱིའི་སྤྱི་ཚོགས། མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱི་ནང་བོད་དོན་གོ་རྟོགས་སྤེལ་ཡོད་ལ།  དེ་རྗེས ༡༩༧༩ ལོ་ནས་རྒྱ་ནག་དང་མཉམ་དུ་ཐད་ཀར་འབྲེལ་བ་གནང་བ་སོགས་ལ་གཟིགས་པ་ཡིན་ན། ཁོང་གི་གནང་སྟངས་སོགས་བོད་ཀྱི་དེང་དུས་ལོ་རྒྱུས་དང་།  ལྷག་པར་དུ་ཆབ་སྲིད་ཐོག་གནད་འགག་ཆེ་བའི་གང་ཟག་ཞིག་ཆགས་ཡོད་པ་རེད། ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

ཡང་བོད་མི་མང་སྤྱི་འཐུར་ཟུར་བ་ཧོར་གཙང་འཇིགས་མེད་ལགས་ཀྱིས། དེ་རིང་ཞོགས་པར་སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པའི་གནས་ཚུལ་མི་སྙན་པ་དེ་གོ་བྱུང་།  ང་ཚོས་ཤེས་གསལ་ལྟར་སོ་སོའི་ལུང་པ་ཤོར་ནས་དོན་གྱི་བདག་པོ་རྒྱལ་བ་རིན་པོ་ཆེ་ཡུལ་ལུང་གང་ཞིག་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་བའི་དཀའ་ངལ་གྱི་གནས་ཚུལ་བྱུང་བའི་སྐབས་རྒྱ་གར་དབུས་གཞུང་ལ་འབྲེལ་བ་ཞུས་ནས་རྒྱལ་བ་རིན་པོ་ཆེ་རྒྱ་གར་ནང་བཙལ་བྱོལ་ལ་ཕེབས་རྒྱུར་གོ་སྒྲིག་གནང་པ་ནས་བཟུང། མཛད་པ་མང་པོ་བསྐྱངས་ཡོད་པ་རེད། དམག་སྡེ་ཨང ༢༢ བཙུགས་པ། བལ་ཡུལ་ནང་འཇབ་དམག་སྒྲིག་འཛུགས་བཙུགས་པ། བོད་རྒྱ་གཉིས་བར་འབྲེལ་བ་ཡང་ནས་ཡང་དུ་བཙུགས་པ། རྒྱལ་བ་རིན་པོ་ཆེ་དང་བོད་མི་རིགས་ལ་ཞབས་ཞུ་དང་། མཛད་རྗེས་ཆེ་བའི་སྐྱེས་བུ་རླབས་ཆེན་ཞིག་ཡིན་པས་ང་ཚོ་མི་མང་རྣམས་ཀྱིས་སོ་སོའི་མི་རིགས་དང་།  རྒྱལ་ཁབ་ལ་དྲིན་ཆེ་བའི་མི་བྱས་པ་ཅན་ཚོའི་བྱས་རྗེས་ངོས་ཟིན་པའི་ངང་རྗེས་སུ་ཡི་རངས་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད་བསམ་གི་འདུག ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

479341134_1163858791965280_2080359554863747238_n.jpg
རྒྱ་གར་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཞིང་གཤེགས་དམ་པ་མཆོག་གི་གཟིམ་ཤག་ཏུ་ཕེབས་སྐབས། ༢༠༢༥།༠༢།༡༤ ཉིན། Prem Singh Tamang/FB

བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས་སྐུའི་གཅེན་པོ་བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་བོད་ཀྱི་ཆབ་སྲིད་ཁྲོད་དུ་མི་སྣ་གལ་ཆེན་ཞིག་ཡིན་པ་མ་ཟད། ཁོང་གིས་བོད་རྒྱའི་གྲོས་མོལ་འགོ་འཛུགས་ཡོང་ཐུབ་ཐབས་སུ་གལ་ཆེའི་ནུས་པ་བཏོན་གནང་ཡོད། དམ་པ་ཁོང་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མྱུར དུ་རེག་པའི་སྨོན་འདུན་ཞུ། ཞེས་ཁོང་གི་ངོ་དེབ་ནང་བཀོད་འདུག

479871430_1163858738631952_5851975457844236498_n.jpg
རྒྱ་གར་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཞིང་གཤེགས་དམ་པ་མཆོག་གི་གཟིམ་ཤག་ཏུ་ཕེབས་སྐབས། ༢༠༢༥།༠༢།༡༤ ཉིན། Prem Singh Tamang/FB

དབྱིན་ཡུལ་སྐུ་ཚབ་དོན་གཅོད་དང་། ཡོ་རོབ་སྤྱི་འཐུས་ཟུར་བ་ཕུན་ཚོགས་དབང་རྒྱལ་ལགས་ཀྱིས  ༧གོང་ས་མཆོག་གི་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གི་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་གསན་མ་ཐག་མཆོད་མེ་སྒྲོན་ནས་བསྔོ་སྨོན་ཞུས་བ་ཡིན། དམ་པ་ཁོང་གི་ནང་མི་སྤུན་མཆེད་ཡོངས་ལ་སེམས་གསོའི་འཚམས་འདྲི་ཞུ་རྒྱུ་ཡིན། དམ་པ་ཁོང་གི་རྣམ་ཤེས་བདེ་བ་ཅན་དུ་སྐྱེ་བའི་སྨོན་འདུན་ཞུ། ཞེས་ཁོང་གི་ངོ་དེབ་ནང་བཀོད་འདུག

བཀའ་ཤག་གི་ཆབ་སྲིད་དྲུང་ཆེ་ཟུར་བ་དང་། བོད་མི་མང་སྤྱི་འཐུས་མི་འགྱུར་རྡོ་རྗེ་ལགས་ཀྱིས་ད་ཉིན་དྲ་ལམ་བརྒྱུད་༧སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་སྐོུ་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོས་པས་བརྗོད་མི་ཤེས་པའི་བློ་ཕམ་བྱུང་། སྐུ་ངོ་མཆོག་དགོངས་པ་རྫོགས་པ་དེ་འདས་པའི་དུས་རབས་ནང་བོད་མི་རིགས་དང་རྒྱལ་ཁབ་ཀྱི་བདེན་དོན་ཆེད་ཞི་དྲག་གཉིས་བརྒྱུད་ཀྱིས་རླབས་ཆེན་མཛད་རྗེས་ཀྱི་ལེའུ་ཞིག་ཀྱང་རྫོགས་པ་ལྟ་བུ་མངོན། གུས་པར་སྐུ་ངོ་མཆོག་ཞལ་མཇལ་གསུངས་ཐོས་ཀྱི་གོ་སྐབས་མཐའ་མ་དེ་ ༢༠༡༩ ལོར་ཀ་སྦུག་གི་གཟིམས་ཤག་ཏུ་བྱུང་། དགུང་ལོ་སྨིན་པོ་དེ་ཙམ་ཕེབས་ཡོད་ཀྱང་ད་དུང་བོད་དང་། རྒྱ་གར། དེ་བཞིན་རྒྱ་ནག་བཅས་ཀྱི་འབྲེལ་བའི་སྐོར་འདས་པའི་བྱུང་རབས་རྣམས་ཐུགས་སུ་ལྷང་ངེར་ཡོད་ཐོག་རང་ཕྱོགས་ནས་འབྱུང་འགྱུར་བྱེད་ཕྱོགས་སྐོར་སོགས་ལམ་སྟོན་བཀྲིན་བསྐྱངས་པ་རྣམས་རྗེས་དྲན་ཞུ་བ་དང་སྦྲགས་དམ་པ་དེ་ཉིད་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་ཚེ་རབས་རྗེས་སུ་འཛིན་པའི་སྨོན་ལམ་ཞུ། ཞེས་ཁོང་གི་ངོ་དེབ་སྟེང་བཀོད་འདུག

སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་ནི། བོད་ཀྱི་ཉེ་བའི་ལོ་རྒྱུས་ནང་བོད་མིའི་རང་དབང་འཐབ་རྩོད་ཀྱི་དབུ་ཁྲིད་གལ་ཆེན་ཞིག་ཡིན་ལ། ཁོང་གིས་སྐུ་ཚེ་ཧྲིལ་པོར་བོད་མིའི་རང་དབང་གི་འཐབ་རྩོད་ཆེད་དུ་སྐུ་ངལ་བསྐྱོན་གནང་ཡོད་པ་རེད།།

གསར་འགོད་པ། དཔལ་ལྡན་རྒྱལ། བདེ་སྐྱིད་ཀུན་སྒྲོལ།

རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎