༧སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགུང་གྲངས་ ༩༧ ཐོག་དགོངས་པ་རྫོགས་འདུག

ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༨ རེས་གཟའ་སྤེན་པའི་དགོང་དྲོ་ཆུ་ཚོད་ ༥།༤༠ ཙམ་གྱི་ཐོག་༧སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགུང་གྲངས་ ༩༧ ཐོག་ཁོང་གི་བཞུགས་གནས་རྒྱ་གར་ཀ་ལོན་སྦུག་གི་སྟག་འཚེར་གཟིམས་ཤག་ཏུ་དགོངས་པ་རྫོགས་པ་ཁོང་དང་འབྲེལ་བ་ཉེ་པོ་ཡོད་མཁན་ཁག་ཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་། ཁོང་ནི་བོད་ཀྱི་ཉེ་བའི་ལོ་རྒྱུས་ཀྱི་ནང་མི་སྣ་གལ་ཆེ་ཤོས་ཤིག་ཡིན་པ་རེད།

༧སྐུའི་གཅེན་པོ་རྒྱལ་དོན་དོན་གྲུབ་མཆོག་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་འོག་ཏིང་ཞའོ་ཕིང་ཚུད་པའི་རྒྱ་ནག་གི་འགོ་ཁྲིད་མཉམ་དུ་ཐད་ཀར་འབྲེལ་གཏུག་གནང་སྟེ་བོད་ཀྱི་གནད་དོན་ཐད་རྒྱ་ནག་གཞུང་དང་ཐེངས་མང་འབྲེལ་བ་གནང་མཁན་གྱི་གལ་ཆེ་མི་སྣ་ཞིག་ཆགས་ཡོད།

བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་གཅེན་པོ་བགྲེས་ཤོས་གཉིས་པ་དེ་ཡིན་ཞིང་། ཁོང་ནི་བོད་ནང་གི་བོད་པའི་ཆབ་སྲིད་དང་སྤྱི་ཚོགས་ལམ་ལུགས་ལ་བསྒྱུར་བ་གཏོང་རྒྱུ་དང་། བོད་ནང་རྒྱ་ནག་གི་དབང་བསྒྱུར་ལ་གདོང་ལེན་ཆེད་དྲག་པོའི་རོགས་རམ་འཚོལ་སྒྲུབ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་ཞུ་གཏུག རྒྱ་ནག་པེ་ཅིང་གཞུང་དང་ཞི་མོལ་འགོ་འཛུགས། དེ་བཞིན་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་བོད་མིའི་འཐབ་རྩོད་སོགས་ཀྱི་ནང་དུས་སྐབས་མི་འདྲ་བ་སོ་སོར་འབད་བརྩོན་དང་ཐུགས་འགན་རྐང་བཞེས་གནང་མཁན་གྱི་ལོ་རྒྱུས་ཀྱི་མི་སྣ་གལ་ཆེ་ཞིག་ཡིན་པ་རེད།
བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་རྒྱ་གར་ནུབ་སྦེང་གྷལ་མངའ་སྡེའི་ཀ་སྦུག་ཡབ་གཞིས་གཟིམས་ཁང་དུ་ཕྱི་ཟླ་ ༢ ཚེས་ ༨ རྒྱ་གར་གྱི་ཕྱི་དྲོའི་ཚོུད་ ༥ཿ༤༠ ཙམ་ལ་དགོངས་པ་རྫོགས་ཤིང་། ཁོང་ནི་ཕྱི་ལོ་ ༡༩༢༨ ལོར་མདོ་སྨད་སྟག་འཚེར་ཡུལ་དུ་འཁྲུངས་པ་དང་། ད་ལྟའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧རྒྱལ་དབང་༧སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གི་༧སྐུའི་ཡང་སྲིད་དུ་ངོས་འཛིན་ཞུས་རྗེས་ཡབ་གཞིས་སྐུ་འཁོར་རྣམ་པ་ལྷ་སར་ཕེབས་པ་དང་། ༧སྐུའི་གཅེན་པོ་རྒྱལ་དོན་དོན་གྲུབ་མཆོག་རྒྱ་ནག་ཏུ་སློབ་སྦྱོང་ཆེད་ཕེབས་ཡོད་པ་རེད།

རྒྱ་ནག་དམར་པོའི་གཞུང་གི་རྒྱ་ནག་མི་དམངས་བཅིང་འགྲོལ་དམག་གིས་བོད་ཤར་ཕྱོགས་ནས་དཔུང་འཇུག་བྱེད་འགོ་བཙུགས་རྗེས་གནས་སྟངས་མི་འདྲ་བ་སྣ་ཚོགས་ཀྱི་ཐོག་ནས་རྒྱལ་ལོ་དོན་གྲུབ་མཆོག་བོད་དུ་ཕྱིར་ཕེབས་མ་ཐུབ་པར་རྒྱ་གར་དུ་ཕེབས་དགོས་ཆགས་ཡོད་པ་རེད།
རྒྱ་གར་དུ་བཞུགས་སྐབས་ཨ་རིའི་དབུས་གསང་བའི་ལས་ཁུངས་དང་ཐོག་མར་འབྲེལ་བ་བྱུང་ཞིང་། དེ་རྗེས་ལོ་རབས་ལྔ་བཅུའི་འགོ་སྟོད་དུ་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་བོད་མི་འཐབ་རྒོལ་བ་ཁག་ཅིག་ཨ་རིའི་ནང་གསང་བའི་ཐོག་འོར་འདྲེན་གྱིས་སྦྱོང་བརྡར་སྤྲད་ཅིང་། ཁོང་ཚོའི་གྲས་མང་པོ་ཞིག་སྦྱོང་བརྡར་རྗེས་བོད་དུ་གནམ་གཡུག་བཏང་བའི་ལོ་རྒྱུས་དེ་དག་བྱུང་ཡོད་པ་རེད།
ཕྱི་ལོ་ ༡༩༥༩ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ནས་རྒྱ་གར་དུ་བྲོས་བྱོལ་དུ་མ་ཕེབས་གོང་༧སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དང་རྒྱ་གར་གཞུང་དབར་འབྲེལ་བ་ཡོད་ལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་ཞབས་སོར་འཁོད་སྐབས་རྒྱ་གར་གི་སྲིད་བློན་ནེཧ་རུ་གཙོས་རྒྱ་གར་དབུས་གཞུང་གི་དཔོན་རིགས་རྣམས་དང་འབྲེལ་བ་ཞུ་རྒྱུའི་ཐུགས་འགན་གཙོ་བོ་བཞེས་ཡོད་པ་རེད།
དེ་བཞིན་ལོ་རབས་ལྔ་བཅུའི་མཇུག་དང་དྲུག་ཅུའི་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་བོད་དོན་ཞུ་གཏུག་གནང་རྒྱུའི་ཕྱག་ལས་ཤུགས་ཆེ་གནང་ཞིང་། ཨ་མི་རི་ཀའི་གཞུང་གིས་ཀྱང་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་ལ། བོད་དོན་ཐད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་ལོ་རྒྱུས་རང་བཞིན་ལྡན་པའི་གྲོས་ཆོད་ཁག་གསུམ་བཞག་ཐུབ་པ་བྱུང་ཡོད་པ་རེད།
ལོ་རབས་བདུན་ཅུའི་ནང་འཛམ་གླིང་གྲང་དམག་སྐབས་ཀྱི་ཆབ་སྲིད་འཕོ་བསྒྱུར་གྱི་རྐྱེན་པས་ཨ་རི་དང་མའོའི་རྒྱ་ནག་དབར་རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་འབྲེལ་བ་བཙུགས་ཤིང་། ཕྱི་ལོ་ ༡༩༧༢ ལོར་ཨ་རིའི་སྲིད་འཛིན་ནིཀ་སོན་རྒྱ་ནག་ཏུ་ཕེབས་པའི་རྗེས། ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་བོད་མིར་དྲག་པོའི་སྦྱོང་བརྡར་དང་རོགས་རམ་བྱེད་པའི་གནས་བབས་ལ་འགྱུར་བ་ཧ་ཅང་ཆེན་པོ་ཞིག་ཕྱིན་སྟབས། མཐར་ཕྱི་ལོ་ ༡༩༧༤ ལོར་རོགས་རམ་དེ་ཡོངས་སུ་མཚམས་འཇོག་བྱས་པ་བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གིས་སྔ་ལོ་ཕྱི་ཟླ་བཅུ་གཅིག་པའི་ནང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲི་ཞུས་པའི་སྐབས་འགྲེལ་བརྗོད་གནང་ཡོད་པ་རེད།
ཨ་རི་དང་དེ་མིན་ཡུལ་གྲུ་ཁག་ཅིག་གིས་བོད་མིའི་ཐོག་བྱེད་ཕྱོགས་ཐད་བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་ལ་ཐུགས་ཕམ་ཧ་ཅང་ཆེན་པོ་བྱུང་འདུག་ལ། བོད་མིའི་སྤྱི་ཚོགས་ཁྲོད་ཁོང་ལ་ལབ་གླེང་མི་ཆུང་བ་ཞིག་བཟོས་ཡོད་པ་རེད།
སྔ་ལོ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲི་ཞུས་པའི་སྐབས་ཁོང་གིས། “ངས་ཨ་མི་རི་ཀའི་གཞུང་གིས་བོད་མིའི་རང་བཙན་འཐབ་རྩོད་ལ་ཁ་ཡོད་ལག་ཡོད་ཀྱི་རོགས་རོམ་བྱས་ཡོད་པར་ངོས་འཛིན་བྱེད་ཀྱི་མེད།”ཅེས་དང་། “གལ་ཏེ་སྐབས་དེ་དུས་ཨ་མི་རི་ཀ་དང་རྒྱ་གར་གཞུང་གཉིས་ཀྱིས་བོད་ལ་ཁ་ཡོད་ལག་ཡོད་ཀྱི་རྒྱབ་སྐྱོར་བྱས་ཡོད་ན། ད་ལྟའི་བོད་ཀྱི་གནས་བབ་ཅུང་མི་འདྲ་བ་ཞིག་ཆགས་ཡོད་སྲིད།”ཅེས་གསུངས་བྱུང་།
ཕྱི་ལོ་ ༡༩༧༦ ལོར་མའོ་ཙེ་ཏུང་འདས་གྲོངས་ཕྱིན་པའི་རྗེས་རྒྱ་ནག་ནང་འགོ་ཁྲིད་ལ་འགྱུར་བ་ཆེན་པོ་ཞིག་ཕྱིན་ཞིང་། ཏེང་ཞའོ་ཧྥིང་གིས་ཧོང་ཀོང་ནང་ཡོད་པའི་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་བརྒྱུད་༧སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་འབྲེལ་བ་ཞུས་ཤིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཁྲོལ་འོག་ཕྱི་ལོ་ ༡༩༧༩ ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཆེད་ཕེབས་ཀྱིས་ཏེང་ཞའོ་ཧྥིང་དང་མཇལ་འཕྲད་ཐོག་མ་དེ་གནང་ཡོད་པ་རེད། དེ་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་པའི་རྡ་རམ་ས་ལར་ཡོད་པའི་དབུས་བོད་མིའི་སྒྲིག་འཛུགས་དང་རྒྱ་ནག་གཞུང་དབར་མི་ངོ་མི་ཐུག་གི་འབྲེལ་བ་ཐོག་མ་དེ་ཡིན་ཞིང་། དེ་རྗེས་བོད་ནང་སྲིད་བྱུས་ལྷུག་གཏོང་གི་དུས་ཚོད་དེ་ཡང་བྱུང་ཡོད་ལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་བོད་དུ་ཐེངས་འགའ་ཤས་ཕེབས་ཐུབ་པ་བྱུང་བར་མ་ཟད། བོད་མི་གཞིས་བྱེས་ཕན་ཚུན་གཉེན་འཕྲད་དུ་འགྲོ་རྒྱུ་སོགས་ཀྱི་ལོ་རྒྱུས་ཀྱི་གནས་བབས་དེ་དག་བྱུང་ཡོད་པ་རེད།
ཕྱི་ལོ་ ༡༩༩༡ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བཟོ་བཅོས་ཤུགས་ཆེ་ཞིག་གནང་པའི་རྗེས། ༧སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པའི་མཛད་འཁུར་བཞེས་པ་དང་། དེ་རྗེས་སླར་ཡང་ཕྱི་ལོ་ ༡༩༩༣ ནས་ ༡༩༩༦ བར་བདེ་སྲུང་བཀའ་བློན་གྱི་མཛད་འཁུར་བཞེས་ཡོད་པ་རེད།
ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༡༤ ཉིན་ཀ་ལོན་སྦུག་ཏུ་ཁོང་གི་བཞུགས་གནས་སྟག་འཚེར་གཟིམས་ཁང་དུ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དམིགས་བསལ་བཅར་འདྲི་ཞུས་སྐབས། ཁོང་གིས། ངའི་རེ་བར་བོད་མི་ཚོ་རྡོག་རྩ་ཆིག་སྒྲིལ་དང་འཆམ་མཐུན་ངང་ཕྱག་ལས་གནང་སྟེ་བོད་ཀྱི་རིག་གཞུང་། བོད་ཀྱི་གནས་བབ་འཛམ་གླིང་སྤྱི་ལ་ཁྱབ་ཐུབ་པ་བཟོས་ནས་སེམས་ཤུགས་མ་ཆགས་པར་མུ་མཐུད་དཀའ་ངལ་སེལ་ཐབས་བྱེད་རྒྱུ་གལ་ཆེ་ཡིན་པས། ཚང་མས་ཧུར་ཐག་གནང་རོགས་ཞེས་གསུངས་བྱུང་།
འབྲེལ་ཡོད་གནས་ཚུལ།
མྱ་ངན་དང་ཁོང་གི་མཛད་རྗེས་གླེང་མཁན་མང་པོ་ཡོང་བཞིན་ཡོད་པ།
གསར་འགོད་པ། བཀྲིས་དབང་ཕྱུག བསྟན་འཛིན་པདྨ།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།