ཧོང་ཀོང་ནང་ངོ་རྒོལ་མི་སྣ་གཙོ་གྲས་རྩིས་སྤྲོད་བྱེད་མཁན་ལ་རྔན་པ་སྤྲོད་ཐབས།
2019.08.28
ཧོང་ཀོང་ནང་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་བྱེད་གཏེ་རྩིས་སྤྲོད་བྱེད་མཁན་ལ་དངུལ་གྱི་རྔན་པ་སྤྲོད་རྒྱུའི་དྲྭ་རྒྱ་ཞིག་ཁྱབ་བསྒྲགས་བྱེད་འགོ་བཙུགས་ཡོད་འདུག
དེ་ཡང་(Hong Kong Free Press)་ཞེས་པའི་གསར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང་། དེང་སྐབས་ཧོང་ཀོང་ནང་མི་དམངས་ཁྲི་ཚོ་མང་པོས་བསྟུད་མར་ས་གནས་གཞུང་ལ་ངོ་རྒོལ་ལས་འགུལ་མཚམས་མ་ཆད་པར་སྤེལ་བཞིན་པའི་སྐབས་འདིར། ཧོང་ཀོང་ནང་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་བྱེད་གཏེ་རྩིས་སྤྲོད་བྱེད་མཁན་ལ་དངུལ་གྱི་རྔན་པ་སྤྲོད་རྒྱུའི་དྲྭ་རྒྱ་ཞིག་ཁྱབ་བསྒྲགས་བྱེད་འགོ་བཙུགས་ཡོད་པ་དང་། དྲྭ་རྒྱ་དེ་ཟླ་བ་འདིའི་ཕྱི་ཚེས་༡༢ཉིན་(Leung Chun-ying)་ཟེར་བའི་ཧོང་ཀོང་གི་གྲོང་ཁྱེར་སྤྱི་ཁྱབ་ཟུར་པ་དང་མིང་གཅིག་པ་ཡིན་པ་ཞིག་གིས་དེབ་སྐྱེལ་བྱས་ཡོད་འདུག
གོང་ཞུས་གསར་ལས་ཁང་གིས་དྲྭ་རྒྱ་དེར་འབྲེལ་བ་བྱེད་སའི་ཁ་པར་ཨང་གྲངས་ལ་ཁ་པར་བཏང་སྐབས། ཕར་འབྲེལ་འཐུད་བྱེད་སའི་ཁ་པར་ཨང་གྲངས་སོགས་འཇོག་དགོས་པའི་བརྡ་ལན་སྤྲོད་ཀྱི་ཡོད་པ་ལས་གཞན་དང་ལེན་བྱེད་མཁན་མེད་པ་བཀོད་ཡོད་པ་རེད།
དྲྭ་རྒྱའི་ཁ་བྱང་ལ་སུ་རེད་ཅེས་པས། ཧོང་ཀོང་ནང་བྱུང་བའི་ངོ་རྒོལ་གྱི་ལས་འགུལ་ཁྲོད་དམིགས་བསལ་ཧོང་ཀོང་གི་(Tsim Sha Tsu Star)་ཞེས་པའི་གྲུ་ཁའི་འབབ་ཚུགས་ནས་རྒྱ་ནག་གི་རྒྱལ་དར་མར་ཕབ་མཁན་སུ་ཡིན་དང་། གཞན་ཡང་ཧོང་ཀོང་ནང་གི་རྒྱ་ནག་རྒྱལ་རྟགས་ལ་སྣག་ཚ་བཤོ་མཁན་སུ་ཡིན་སོགས་ངོ་རྒོལ་གྱི་དོན་རྐྱེན་དང་འབྲེལ་བའི་ལས་འགུལ་ཁག་སུམ་ཅུ་ཙམ་གྱི་ནང་བྱེད་གཏེ་རྩད་གཅོད་ཐུབ་ཐབས་བྱེད་ཀྱི་ཡོད་འདུག
ད་དུང་དྲྭ་རྒྱ་དེའི་གནས་ཚུལ་ངོ་སྤྲོད་བྱེད་མི་སུ་ཡིན་གསང་བ་ཉར་རྒྱུ་དང་། རྔན་པ་ཧོང་ཀོང་གི་སྒོར་མོ་འབུམ་གཉིས་ནས་ས་ཡ་གཅིག་གི་བར་སྤྲོད་རྒྱུ་ཡིན་ལུགས་བསྒྲགས་འདུག
གཞན་ཡང་ཧོང་ཀོང་ནང་གི་གནས་ཚུལ་ཞིག་ལ། ཧོང་ཀོང་གི་ཉེན་རྟོག་པས་དེ་སྔོན་སྤྱི་ཟླ་༧་པའི་ཚེས་༡་ཉིན་ཧོང་ཀོང་གྲོས་ཚོགས་སུ་ཧོང་ཀོང་གཞུང་ལ་ངོ་རྒོལ་གྱི་སྐབས་སུ་གྲོས་ཚོགས་ནང་འཛུལ་ཞུགས་བྱེད་མཁན་ཡིན་པའི་མི་གསུམ་འཛིན་བཟུང་བྱས་ཡོད་འདུག