རྒྱ་གར་གཞུང་གིས་མཐའ་མཚམས་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་སྤྱི་ལེ་ཆིག་སྟོང་ལྷག་གི་གཞུང་ལམ་གསར་བསྐྲུན་གྱི་བཀའ་འཁྲོལ་སྩལ་འདུག

རྒྱ་གར་ཨ་རུ་ནཱ་ཅལ་(Arunachal)་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱི་སྤྱི་ཚོགས་དྲ་ལམ་(X)་ཐོག་སྤེལ་བའི་གནས་ཚུལ་ནང་། རྒྱ་གར་སྲིད་བློན་མོ་དྷིས་མཆོག་དང་ནང་སྲིད་བློན་ཆེན་ཨ་མི་ཏི་ཤཱ་ལགས་རྣམ་གཉིས་ཀྱིས་ཐུགས་སྤོབས་ཆེན་པོའི་སྒོ་ནས། ཨ་རུ་ནཱ་ཅལ་མངའ་སྡེའི་ནང་སྤྱི་ལེ་ཆིག་སྟོང་ཉི་ཤུ་རྩ་གཉིས་ལྷག་གི་གཞུང་ལམ་གསར་རྒྱག་གི་བཀའ་འཁྲོལ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ལྷན། གཞུང་ལམ་དེས་མཐའ་མཚམས་ས་ཁུལ་གྱི་མི་མང་ཚོར་ཕན་ཚུན་འབྲེལ་མཐུད་དང་། འགྲིམ་འགྲུལ་སྟབས་བདེ་བཅས་ལ་ཕན་ཐོགས་ཆེན་པོ་འཐོན་རྒྱུ་ཡིན་པ་འཁོད་འདུག
དེའི་ཐད་རྒྱ་གར་གྱི་རྒྱ་ནག་ཉམས་ཞིབ་པ་(Suyash Desai)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ད་རེས་རྒྱ་གར་གཞུང་གིས་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་གི་ལས་གཞི་འདི་ནི། རྒྱ་ནག་གིས་ཁྲིམས་འགལ་གྱི་ལམ་ནས་རྒྱ་གར་གྱི་མཐའ་མཚམས་ས་ཁོངས་བདག་བཟུང་བྱ་རྩིས་བྱེད་བཞིན་པ་འགོག་ཐབས་སུ་ཧ་ཅང་གལ་གནད་ཆགས་ཡོད། དམིགས་བསལ་སྤྱི་ལོ་༢༠༡༣ལོ་ནས་བཟུང་རྒྱ་ནག་གི་ས་མཚམས་ཀྱི་སྲིད་ཇུས་ལ་འགྱུར་བ་ཕྱིན་ཏེ། ལྷོ་རྒྱ་ནག་རྒྱ་མཚོ་དང་ཐེ་ཝན། ཝི་ཏི་ནམ། རྒྱ་གར་དང་འབྲུག་བཅས་ཚུད་པའི་རྒྱལ་ཁབ་ཁག་ལ་ས་མཚམས་རྙོག་ཟིང་བསླངས་ཡོད་པ་མ་ཟད། འདས་པའི་ལོ་བཅུ་ཕྲག་གཅིག་རིང་རྒྱ་གར་ས་ཐོག་ཏུ་རྒྱ་ནག་འཚང་འཛུལ་བྱས་པ་ཧ་ཅང་ཇེ་མང་དུ་སོང་བ་དང་། ཁྱད་པར་དུ་གྷལ་ཝན་དང་འབྲོག་ལམ་གྱི་གདོང་ཐུག་ལ་བརྟེན་ནས་རྙོག་ཟིང་ཇེ་ཆེར་ཕྱིན་ཡོད་པས། རྒྱ་གར་གྱིས་མུ་མཐུད་གཞུང་ལམ་འཛུགས་སྐྲུན་གནང་རྒྱུ་ནི་ཧ་ཅང་གལ་ཆེན་ཆགས་ཡོད། ས་མཚམས་ཀྱི་གཞུང་ལམ་དེ་དག་གིས་རྒྱ་གར་གྱི་དམག་གྲ་སྒྲིག་དང་། རྒྱ་ནག་གིས་ཁྲིམས་འགལ་གྱི་ལམ་ནས་རྒྱ་གར་གྱི་ས་ཆ་བདག་བཟུང་གི་བྱ་སྤྱོད་འགོག་ཐབས་སུ་ཕན་ཐོགས་འབྱུང་གི་རེད་ཅེས་གསུངས་བྱུང་།My gratitude to Hon’ble PM Shri @narendramodi ji and Hon’ble Home Minister Shri @AmitShah ji for the historic decision to approve 1022.36 km long roads for 2023-24 under Vibrant Village Programme. This will go a long way in ensuring the last mile connectivity in the far-flung… pic.twitter.com/qwE68jcwjR
— Pema Khandu པདྨ་མཁའ་འགྲོ་། (@PemaKhanduBJP) January 10, 2024
ཡང་རྒྱ་གར་ནང་རྒྱ་ནག་ཐོག་དབྱེ་ཞིབ་དང་ཐབས་ཇུས་ལྟེ་གནས་ཁང་གི་ཉམས་ཞིབ་པ་(Namrata Hasija)་ལགས་ཀྱིས། རྒྱ་གར་གྱིས་ད་ལྟ་གནང་བཞིན་ཨ་རུ་ནཱ་ཅལ་ཙམ་མིན་པར། རྒྱལ་མཚམས་ས་ཁུལ་ཁག་ནང་དམག་དོན་འཐབ་ཇུས་ཀྱི་འཛུགས་སྐྲུན་གནང་རྒྱུ་ཧ་ཅང་གལ་ཆེན་ཆགས་ཡོད། གཞུང་ལམ་འདི་དག་གིས་དམག་དཔུང་འགུལ་བསྐྱོད་དང་ང་ཚོའི་དཔུང་དམག་ལ་མཁོ་ངེས་ཀྱི་ཅ་ལག་དབོར་འདྲེན་མགྱོགས་པོར་གནང་རྒྱུར་ཕན་ཐོགས་ཡོད་ཁར། རྒྱ་ནག་གཞུང་གིས་བཙན་བཟུང་བྱས་པའི་བོད་ནང་འཛུགས་སྐྲུན་ཆེན་པོ་བྱས་ཏེ། རྒྱ་གར་ལ་ཕྱོགས་གང་ས་ནས་གནོན་ཤུགས་སྤྲོད་བཞིན་པའི་ཐོག རྒྱ་ནག་གིས་རྒྱ་གར་ས་ཐོག་ཏུ་ཧ་ལམ་ལོ་རེ་བཞིན་དང་ལྷག་པར་༢༠༡༣དང་༡༤སོགས་སུ་བྱས་པའི་ཧམ་འཛུལ་གྱི་རིགས་འགོག་ཐབས་སུ། རྒྱ་གར་གྱིས་གཞུང་ལམ་འཛུགས་སྐྲུན་གནང་རྒྱུ་ཧ་ཅང་གལ་ཆེན་རེད་ཅེས་ངོས་འཛིན་གནང་གི་འདུག
རྒྱ་གར་གཞུང་གིས་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་བཀའ་འཁྲོལ་ཐོབ་པའི་གཞུང་ལམ་༡༠༥འཛུགས་སྐྲུན་ལས་འཆར་དེར། རྒྱ་གར་གྱི་ཤོག་སྒོར་བྱེ་བ་ཆིག་སྟོང་བདུན་བརྒྱ་ལྷག་གི་འགྲོ་སོང་བཀའ་འཁྲོལ་རྒྱ་གར་དབུས་གཞུང་གིས་སྩལ་ཡོད་ཅིང་། རྒྱ་གར་དབུས་གཞུང་གི་འགྲིམ་འགྲུལ་གཞུང་ལམ་གྱི་བློན་ཆེན་(Nitin Gadkari)་ལགས་ནས་ཀྱང་། འཐབ་ཇུས་ཀྱི་ཆ་ནས་གལ་འགངས་ཆེ་བའི་གཞུང་ལམ་འདིས། རྒྱ་གར་བདེ་སྲུང་དམག་དཔུང་གི་འགྲུལ་བཞུད་དུས་ཡུན་ཇེ་ཐུང་གཏོང་བ་དང་། ས་མཚམས་ལ་དུས་ཐོག་སླེབས་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པའང་གསུངས་འདུག
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།