བོད་ནང་མནར་གཅོད་དང་གདུག་རྩུབ་ཀྱི་བྱ་སྤྱོད་མཚམས་འཇོག་དགོས་པའི་ལས་འགུལ།

2021-06-26
Share
བོད་ནང་མནར་གཅོད་དང་གདུག་རྩུབ་ཀྱི་བྱ་སྤྱོད་མཚམས་འཇོག་དགོས་པའི་ལས་འགུལ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དྲ་རྒྱའི་ཐོག་ལས་འགུལ་སྤེལ་བ།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་།

ཕྱི་ཟླ་དྲུག་པའི་ཚེས་ ༢༦ ཉིན་མོ་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་རྒྱལ་སྤྱིའི་མནར་གཅོད་འགོག་པའི་ཉིན་མོར་གཏན་འབེབས་གནང་བར་བརྟེན་ནས་།འདི་ག་ཨ་རིའི་རྒྱལ་སར་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ལ་སོགས་པས་ཉིན་མོ་དེ་དང་བསྟུན་ནས་དྲ་རྒྱའི་ཐོག་ནས་རང་དབང་ལུང་པར་གནས་སྡོད་བྱེད་མཁན་བོད་ཀྱི་ཆབ་སྲིད་བཙོན་པ་ཟུར་པ་ཁག་ཅིག་གོ་སྒྲིག་གནང་སྟེ།རྒྱ་ནག་གི་བཙོན་ཁང་དུ་དཀའ་སྡུག་དང་མནར་གཅོད་མྱོང་བཞིན་པའི་བོད་མི་ཆབ་སྲིད་བཙོན་པ་ཚོའི་གནས་སྟངས་གླེང་སློང་གནང་སྟེ་བོད་ནང་མནར་གཅོད་དང་གདུག་རྩུབ་ཀྱི་བྱ་སྤྱོད་མཚམས་འཇོག་བྱས་པའི་ལས་འགུལ་སྤེལ་ཏེ་འདི་ལོའི་རྒྱལ་སྤྱིའི་མནར་གཅོད་འགོག་པའི་ཉིན་མོ་སྲུང་བརྩི་ཞུས་ཡོད་པ་རེད། 

དེ་ཡང་དྲ་རྒྱའི་ལས་འགུལ་དེའི་ནང་དུ་འདི་ག་ཨ་རིར་ཡོད་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ངག་དབང་གསང་སྒྲོན་ལགས་དང་།དོན་གྲུབ་དབང་ཆེན་ལགས་།གོ་ལོག་འཇིགས་མེད་ལགས་།སུད་སིར་བཞུགས་པའི་ཆབ་སྲིད་བཙོན་པ་ཕུན་ཚོགས་ཉི་སྒྲོལ་ལགས་དང་རིག་འཛིན་ཆོས་སྐྱིད་ལགས་བཅས་ནས་མཉམ་ཞུགས་གནང་སྟེ།དེང་སྐབས་ཚེ་བཙོན་གྱི་ཉེས་ཆད་མྱོང་བཞིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་དབང་འདུས་ལགས་དང་།སླར་ཡང་མི་ལོ་ ༡༨ ཀྱི་བཙོན་འཇུག་གི་ཉེས་ཆད་མྱོང་བཞིན་པའི་བློ་གྲོས་ལགས།དེ་བཞིན་ལོ་ངོ་༡༥བཙོན་འཇུག་གི་ཉེས་ཆད་མྱོང་བཞིན་པའི་ཡེ་ཤེས་ཆོས་སྒྲོན་ལགས། ཡང་དེང་སྐབས་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་འོག་ནད་གཅོང་བཟོས་པའི་ཐབས་མཁས་རྒྱ་མཚོ་ལགས། བོད་མིའི་གནས་སྟངས་སྐོར་རྩོམ་ཡིག་སྤེལ་བར་བརྟེན་ནས་བཙོན་དུ་ཚུད་པའི་བོད་ཀྱི་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་བཅས་ཀྱིས་རྒྱ་ནག་གི་བཙོན་ཁང་དུ་མནར་གཅོད་མྱོང་བཞིན་པའི་གནས་སྟངས་གླེང་སློང་གནང་ཡོད་པ་རེད། ད་དུང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱལ་སྤྱིའི་ནང་གི་ཚོགས་མི་རྣམས་ལ་དྲ་རྒྱའི་ཐོག་ནས་རྒྱ་གཞུང་གིས་བོད་ནང་གི་བོད་མི་བཙོན་པ་ཚོར་མནར་གཅོད་གཏོང་བཞིན་པའི་སྦྱར་ཡིག་འགྲེམས་སྤེལ་གནང་སྟེ་ལས་འགུལ་ནང་མཉམ་ཞུགས་གནང་དགོས་པའི་འབོད་སྐུལ་ཞུས་པ་མ་ཟད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་ལྕམ་Michelle Bachelet མཆོག་ལ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་ལག་བསྟར་བྱེད་པའི་དྲག་པོའི་བྱ་སྤྱོད་ཁག་མཚམས་འཇོག་ཡོང་ཐབས་གནང་སྐྱོང་ཡོང་བའི་སྙན་ཞུར་བོད་དོན་རྒྱབ་སྐྱོར་བ་ཆིག་ཁྲི་བདུན་སྟོང་ལྷག་གིས་རྒྱབ་སྐྱོར་ས་ཡིག་བརྒྱབ་པ་ཞིག་ཕུལ་གནང་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།