རྒྱ་ནག་གཞུང་གིས་བོད་ནང་གི་བསང་ཁུང་མང་པོའི་ཁ་བཀབ་ནས་བསང་གསོལ་བྱེད་རྒྱུ་བཀག་སྡོམ།


2020.11.16
ལྷ་སར་བསང་གཏོང་ཕྱོགས་ཐད་དྲིལ་བསྒྲགས་བྱེད་བཞིན་པ། ལྷ་སར་བསང་གཏོང་ཕྱོགས་ཐད་དྲིལ་བསྒྲགས་བྱེད་བཞིན་པ།
བོད་འབྱོར།

རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་གི་མདུན་གྱི་བསང་ཁུང་ཁ་བཀབ་ནས་ས་གནས་མང་པོར་བོད་མི་ཚོས་བསང་གསོལ་བྱེད་རྒྱུ་བཀག་སྡོམ་བྱེད་བཞིན་འདུག
ཉེ་ལམ་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་གི་མདུན་ཐང་ཡོངས་སུ་སྔོག་ནས་བསྒྱུར་བཟོ་བྱས་བ་དང་མཉམ་དུ། ད་སྐབས་མདུན་ཐང་དུ་ལྕགས་དྲྭ་དང་ཞིབ་བཤེར་འཛུལ་སྒོ་སོགས་ཇེ་མང་དུ་བཏང་ཡོད་པ་མ་ཟད། གཙུག་ལག་ཁང་གི་མདུན་གྱི་བསང་ཁུང་གི་ཁར་ལྕགས་སྒོ་རྒྱབ་ནས་བོད་མི་ཚོས་བསང་གསོལ་བྱེད་རྒྱུ་བཀག་སྡོམ་བྱེད་བཞིན་པ་བོད་ནས་འབྲེལ་ཡོད་མི་སྣ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
གནས་ཚུལ་ངོ་སྤྲོད་པས་གསུང་ན། རྒྱ་ནག་གཞུང་གིས་ཉེ་བའི་ཟླ་ཤས་ནང་ལྷ་སའི་གཙུག་ལག་ཁང་གི་བར་སྐོར་དང་། མདུན་ཐང་བཅས་སུ་བསྒྱུར་བཟོ་བྱས་བའི་ལས་གཞི་དང་མཉམ་དུ། དད་ལྡན་བོད་མི་ཚོའི་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་ཡུལ་མེད་པར་བཟོས་བ་དང་དམ་དྲག་བྱེད་བཞིན་པ་མངོན་གསལ་འདུག དེ་སྔ་གཙུག་ལག་ཁང་གི་མདུན་དུ་བསང་ཁུང་ཆེན་པོ་གཉིས་ཡོད་པ་དེ་ནས་དད་ལྡན་བོད་མི་ཚོས་ཚེས་བཟང་དུས་བཟང་དང་། ལྷག་དཀར་བཅས་སུ་འཚང་ཀ་ཤིག་ཤིག་གིས་བསང་གསོལ་བྱེད་སྲོལ་ཡོད་པ་དེ། ད་སྐབས་བསང་ཁུང་གི་ཁར་ལྕགས་སྒོ་རྒྱབ་ནས་བསང་གསོལ་བྱེད་མི་ཐུབ་པ་བཟོས་ཡོད་པ་དང་། གཞན་ས་གནས་ཁག་མང་པོའི་བསང་ཁུང་ཁ་བཀབ་ནས་བསང་གསོལ་གཏོང་རྒྱུ་བཀག་སྡོམ་བྱེད་བཞིན་འདུག དེའི་ཐད་ལྷ་སར་ཡོད་པའི་རྒྱ་ནག་གི་འབྲེལ་ཡོད་ཚན་པས་བསང་གསོལ་གང་བྱུང་བྱས་བས་ཁོར་ཡུག་ལ་གནོད་པ་དང་། མཁའ་རླུང་མི་གཙང་བ་བཟོ་བཞིན་པ་བོད་མི་ཚོར་ངོ་སྤྲོད་བྱེད་བཞིན་ཡོད་པ་དང་། ཁོང་ཚོས་ཟླ་ཤས་གོང་། ཤེས་དཔལ་གྱིས་བསང་གཏོང་རྒྱུ་དེ། ཁྱེད་དང་ང་ནས་འགོ་བརྩམས་དགོས་ཞེས་ཉིན་ཤས་དྲིལ་བསྒྲགས་དང་མཉམ་བསང་གཏོང་རྒྱུ་བཀག་སྡོམ་བྱེད་བཞིན་ཡོད་འདུག
དེ་བཞིན་ཡང་བོད་ནས་བོད་མི་གཞན་ཞིག་གིས། བོད་ནང་རྒྱ་ནག་གཞུང་གིས་བོད་མི་ཚོའི་ཆོས་ཕྱོགས་ཀྱི་བྱེད་སྒོ་མཐའ་དག་ལ་སྟངས་འཛིན་དང་དམ་དྲག་བཀག་སྡོམ་བྱེད་བཞིན་པའི་གནས་སྟངས་ཇེ་སྡུག་ཡིན་པ་དང་། ཐ་ན་ཕྱག་འཚལ་བ་དང་བསང་གསོལ་བྱེད་པའི་སྲོལ་རྒྱུན་ཁག་ཡང་རིམ་པས་མེད་པར་བཟོ་བཞིན་པ་ནི་རིག་གནས་གསར་བརྗེ་ཡང་བསྐྱར་སླེབས་བཞིན་པ་དང་འདྲ་ཞེས་ངོ་སྤྲོད་གནང་བྱུང་།
གཙུག་ལག་ཁང་མདུན་གྱི་བསང་ཁུང་ཁ་བཀབ་ཡོད་པ།
འདི་ལོའི་ལོ་སྟོད་ནས་བཟུང་རྒྱ་ནག་གཞུང་གིས་ལྷ་སའི་རྣམ་པ་གོང་མཐོར་གཏོང་རྒྱུ་དང་། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་གཏོང་རྒྱུ་ཡིན་ཚུལ་གྱིས། བོད་ཀྱི་རྒྱལ་ས་ལྷ་སའི་ཇོ་ཁང་ངམ་གཙུག་ལག་ཁང་གི་མདུན་ཐང་ཡོངས་སུ་བསྔོགས་ནས་ཟླ་ཤས་རིང་བསྒྱུར་བཟོའི་ལས་གཞི་སྤེལ་ཡོད་པ། ཉེ་བའི་སྤྱི་ཟླ་༨པའི་ནང་ཡོངས་སུ་འགྲུབ་ཡོད་ཀྱང་། གཙུག་ལག་ཁང་གི་མདུན་སྒོའི་རྡོ་གཅལ་ཐང་དུ་ནམ་རྒྱུན་དད་ལྡན་པ་མང་པོས་འཚང་ཁའི་ངང་ཕྱག་འཚལ་ནས་གསོལ་བ་སྨོན་ལམ་རྒྱག་ས་ད་ཆ་ལྕགས་དྲྭས་སྐོར་ནས་བཀག་ནས་ཡོངས་སུ་བཀག་ནས་ཕྱག་འཚལ་ས་ཡང་མེད་པ་བཟོས་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ནང་གི་ས་ཡོམ་དང་འབྲེལ་དྲྭ་ཐོག་གནས་ཚུལ་སྤེལ་མཁན་ ༢༡ ལ་ཞིབ་དཔྱོད་དང་ཉེས་ཆད་བཅད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་དིང་རིའི་ས་ཡོམ་སྐོར་གྱི་དོན་དངོས་གནས་ཚུལ་བཀག་འགོག་གིས་གཞུང་འབྲེལ་རོགས་སྐྱོར་མི་སྣ་དྲིལ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎