བལ་ཡུལ་སོགས་འཛམ་གླིང་གི་ས་གནས་གང་སར་དིང་རིར་ས་ཡོམ་གྱི་གོད་ཆགས་བྱུང་བར་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་འདུག

2025.01.13
བལ་ཡུལ་སོགས་འཛམ་གླིང་གི་ས་གནས་གང་སར་དིང་རིར་ས་ཡོམ་གྱི་གོད་ཆགས་བྱུང་བར་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་འདུག བལ་ཡུལ་སོགས་འཛམ་གླིང་གི་ས་གནས་གང་སར་དིང་རིར་ས་ཡོམ་གྱི་གོད་ཆགས་བྱུང་བར་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་པ།
སྒྲིག་བཟོ། མི་སེར་གྱི་འདྲ་པར།

སྤྱི་ཟླ་དང་པོའི་ཚེས་ ༧ ཉིན་བོད་ཀྱི་གཞིས་ཀ་རྩེ་ཁུལ་སྟོད་དིང་རི་རྫོང་གྲམ་མཚོ་ཁུལ་གྱི་ཡུལ་སྡེ་ཁག་དང་། མཚོ་སྒོའི་ཡུལ་སྡེ་ཁག་གཙོ་བོར་གྱུར་བའི་ས་གནས་ལྷ་རྩེ་རྫོང་། ས་སྐྱ་རྫོང་། དེ་བཞིན་གཏིང་སྐྱེས་རྫོང་དང་ངམ་རིང་རྫོང་སོགས་སུ་ས་ཡོམ་འགུལ་ཚད་ ༧.༡ ཅན་ཞིག་བརྒྱབས་པའི་གོད་ཆགས་ཁྲོད་རྒྱ་ནག་གཞུང་འབྲེལ་ལྟར་ན། ཉུང་མཐར་མི་གྲངས་ ༡༢༦ རྐྱེན་འདས་དང་མི་ ༣༣༧ ལ་རྨས་སྐྱོན་ཕོག་ཡོད་པར་བསྒྲགས་ཡོད་ནའང་། སྤྱི་ཚེས་༡༡ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པས་དིང་རི་རྫོང་གི་སྨན་བཅོས་མི་སྣ་ཞིག་དང་མཉམ་དུ་ས་གནས་སུ་མི་སྣ་རྐྱེན་འདས་ཀྱི་གྲངས་འབོར་ཐད་སྐད་ཆ་འདྲི་དུས། ཕུང་པོར་བདག་གཉེར་བྱེད་མཁན་སྨན་བཅོས་མི་སྣ་དེས་དིང་རི་རྫོང་དང་ལྷ་རྩེ་རྫོང་གཉིས་ཀྱི་ནང་རྐྱེན་འདས་ཕྱིན་པའི་མི་གྲངས་བཞི་བརྒྱ་ལས་བརྒལ་ཡོད་པ་ཚོད་དཔག་བྱས་ཡོད། ས་ཡོམ་གྱི་གོད་ཆགས་དེའི་ཐད་བོད་ནང་དང་། བོད་མིའི་སྒྲིག་འཛུགས་གཙོས་བལ་ཡུལ། རྒྱ་གར། འབྲུག་ཡུལ། ཨ་རི་དང། ཡོ་རོབ་སོགས་ཀྱི་རྒྱལ་ཁབ་འདྲ་མིན་ནང་གནས་སྡོད་བྱེད་མཁན་བོད་མི་ཚོས་གདུང་སེམས་མཉམ་བསྐྱེད་དང་མཆོད་འབུལ་བསྔོ་སྨོན་ཞུ་མུས་ཡིན་པ་ལྟར། ཕྱི་ཚེས་ ༡༡ ཉིན་བལ་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག་ཤེལ་དཀར་ཆོས་སྡེ་དགའ་ལྡན་ལེགས་བཤད་གླིང་དུ། གཞུང་འབྲེལ་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་ཚོགས་པར་བལ་ཡུལ་སྐུ་ཚབ་དོན་གཅོད་རྩིབས་རི་ལོ་པཎ་སྤྲུལ་སྐུ་ངག་དབང་མཆོག་གྲུབ་ལགས་དང་། བོད་མི་མང་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས། སྤྱི་ཟུར་འཇམ་དབྱངས་འཕྲིན་ལས་ལགས་དང་སྤྱི་ཟུར་སྒྲོལ་མ་མཚོ་མོ་ལགས་ཀྱི་གཙོས་བལ་ཡུལ་བོད་མིའི་སྤྱི་ཚོགས་ཀྱི་གནད་ཡོད་མི་སྣ་དང་། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་མི་སྣ། ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་གྲྭ་ཚང་ཁག ༥༨ ནས་ཕེབས་པའི་དགེ་འདུན་པ་དང་བཙུན་མའི་སྐུ་ཚབ་འཐུས་མི་ཁག བལ་ཡུལ་ས་གནས་ཆོལ་ཁ་གསུམ་གྱི་ཚོགས་གཙོ་ཚོགས་གཞོན་གྱི་གཙོས་པས་ཚོགས་པ་དང་སྐྱིད་སྡུག་ཁག ༤༧ བཅས་ནས་ཕེབས་པའི་སེར་སྐྱ་མི་མང་ ༡༦༧ ཙམ་མཉམ་འཛོམས་ཀྱི་ས་ཡོམ་ཁྲོད་འདས་གྲོངས་སུ་གྱུར་བ་རྣམས་ལ་བསྔོ་སྨོན་གྱི་དལ་རྟེན་རིམ་བརྒྱུད་བླ་མེད་རྫོགས་བྱང་འཐོབ་པ་དང་། རྨས་སྐྱོན་ཕོག་པའི་ནད་གནར་རྣམས་མྱུར་དུ་ནད་ལས་དྭངས་པ། ཤུལ་ལུས་རྣམས་ལ་ཐུགས་གསོ་སོགས་གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ་སྨོན་ལམ་ཞུས་ཡོད་འདུག
སྤྱི་ཚེས་༡༢ཉིན་ཡོ་རོབ་སུད་སི་དང་། འཇར་མན། ཨ་རིའི་ནིའུ་ཡོག་གཙོས་མངའ་སྡེ་ཁག་གི་བོད་མི་གནས་སྡོད་བྱེད་ཡུལ་བཅས་སུ་གཅིག་མཚུངས་བོད་མི་ཚོས་གདུང་སེམས་མཉམ་སྐྱེས་དང་མཆོད་འབུལ་བསྔོ་གནང་ཡོད་པ་མ་ཟད། ཁེ་ཎ་ཌར་ཨོན་ཌེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ཐུན་མོང་གི་གོ་སྒྲིག་འོག བོད་མི་ཚོས་བོད་ཀྱི་སྟོད་དིང་རིར་ས་ཡོམ་གྱི་གོད་ཆགས་བྱུང་བར་གདུང་སེམས་མཉམ་བསྐྱེད་ཞུས་ཡོད་པ་རེད། འཆར་གཞི་ལྟར་ན། གདུང་སེམས་མཉམ་སྐྱེས་དང་མཉམ་མར་མེའི་ཁྲོམ་སྐོར་གནང་འཆར་ཡོད་ཀྱང་ས་གནས་སུ་གནམ་གཤིས་གྲང་ཐོག་ཁ་བ་བབས་པའི་གནས་སྟངས་འོག་དེའི་ཚབ་ཚོགས་ཁང་དུ་མཆོད་འབུལ་སྨོན་ལམ་གསུངས་ཡོད་པ་དང་། དེ་བཞིན་འདི་ཟླའི་ཚེས་བརྒྱད་དང་བཅུ་གཉིས་བཅས་སུ་ཚོགས་པ་ཁག་ལྔ་མཉམ་རུབ་ཀྱི་འོག་གོ་སྒྲིག་གནང་བ་བོད་རིགས་སྤྱི་མཐུན་ཚོགས་པའི་ཆབ་སྲིད་འབྲེལ་མཐུད་པ་རྣམ་རྒྱལ་དབང་མོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ད་ཐེངས་བོད་ཀྱི་སྟོད་དིང་རི་ཕྱོགས་སུ་བྱུང་བའི་ས་ཡོམ་དེ་འགུལ་ཚད་ ༧.༡ བརྒྱབ་ཡོད་སྐོར་ཨ་རིའི་ས་ཡོམ་རིག་པའི་ཞིབ་འཇུག་ལས་ཁུངས་ (USGS) ཀྱིས་བསྒྲགས་འདུག་ལ། རྒྱ་ནག་གཞུང་གིས་འགུལ་ཚད་༦.༨་ཡིན་པ་བསྒྲགས་ཡོད་པ་རེད།

* ས་ཡོམ་དང་འབྲེལ་བའི་གནས་ཚུལ་ཞིབ་ཕྲ།

* བོད་ཀྱི་བླ་ཆེན་རྣམ་པས་ཐུགས་གསོ་བསྔོ་སྨོན་གནང་བའི་གནས་ཚུལ།

* འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་གྱི་དབུ་ཁྲིད་ཚོས་ཐུགས་གསོ་གནང་བའི་གནས་ཚུལ།

གསར་འགོད་པ། ས་གནས་ཁག་གི་གནས་ཚུལ་ཕྱོགས་བསྡུས།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་མཆོག་འདི་ཚེས་༢༢ཉིན་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་མཛད་ཀྱི་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཕྱིར་འཐེན་བྱས་པར་བློ་ཕམ་ཡོད་པའི་གསལ་བསྒྲགས་སྤེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎