རིན་ཆེན་རྡོ་རྗེ་ལགས་གློད་གྲོལ་བྱུང་འདུག་ཀྱང་ཞིབ་ཕྲའི་གནས་སྟངས་ཤེས་རྟོགས་མི་འདུག

2022.04.28
Share on WhatsApp
Share on WhatsApp
རིན་ཆེན་རྡོ་རྗེ་ལགས་གློད་གྲོལ་བྱུང་འདུག་ཀྱང་ཞིབ་ཕྲའི་གནས་སྟངས་ཤེས་རྟོགས་མི་འདུག སྐྱེ་རྒུ་མདོ་ཕྱོགས་ཀྱི་ཉེན་རྟོག་པའི་འགག་སྒོ་དང་རིན་ཆེན་རྡོ་རྗེ་ལགས།
བོད་འབྱོར།/RFA

ཟླ་འདིའི་ཕྱི་ཚེས་༢༤ཉིན་རྒྱ་ནག་གཞུང་གིས་སྔ་ལོའི་ཕྱི་ཟླ་༨ནང་ཕྱི་ཕྱོགས་ཀྱི་སྐད་འཕྲིན་ཚོགས་པ་ཞིག་ཏུ་དམར་ཤོག་ཚོགས་པ་བཙུགས་ནས་ལོ་༡༠༠འཁོར་བའི་དུས་སྟོན་གྱི་འདྲ་པར་བསྐུར་བའི་ཉེས་མིང་འོག སྐྱེ་རྒུ་མདོའི་རོལ་རྩེད་ཐང་ཆེན་ནས་བོད་མི་གསུམ་འཛིན་བཟུང་རྗེས་གར་སོང་ཆ་མེད་དུ་གྱུར་བའི་ཁྲོད་ནས། ཡུལ་ཤུལ་སྡོམ་མདའ་ཡུལ་ཚོ་ནས་ཡིན་པ་རིན་ཆེན་རྡོ་རྗེ་ལགས་ཀློད་གྲོལ་བཏང་ཡོད་པ་དང་། ད་ལྟའི་ཆར་གློད་གྲོལ་བྱུང་ཡོད་པ་ཙམ་ལས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་མི་ཐུབ་པ་དང་། ཁོང་གི་གཟུགས་པོ་ཅུང་ཙམ་སྐམ་ཡོད་པ་ལས་བལྟས་ན་སྐྱོན་ཆེན་པོ་མེད་པ་དང་། གཞན་ཁོང་དང་མཉམ་དུ་འཛིན་བཟུང་བྱས་བ་སྐལ་བཟང་ཉི་མ་ལགས་དང་ལྷུན་གྲུབ་ལགས་གཉིས་ཀྱི་གནས་ཚུལ་གསལ་ཁ་མེད་པ། བཙན་བྱོལ་ནང་གནས་སྡོད་མིང་བརྗོད་འདོད་མེད་པའི་འབྲེལ་ཡོད་བོད་མི་ཞིག་གིས་འགྲེལ་བརྗོད་གནང་བྱུང་།
སྐབས་དེར་རྒྱ་ནག་གཞུང་གིས་སྐྱེ་རྒུ་མདོ་རུ་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ངོ་༡༠༠དང་། རྒྱ་ནག་གཞུང་གིས་སྐྱེ་རྒུ་མདོ་རུ་ཡུལ་ཤུལ་ཁུལ་བཙུགས་ནས་ལོ་༧༠འཁོར་བའི་དུས་དྲན་དང་བསྟུན། མི་མང་ལ་གང་བྱུང་ཞིབ་བཤེར་དང་འདྲི་རྩད་སོགས་བྱས་ཏེ། ཡུལ་ཤུལ་ནས་ཡིན་པ་བོད་མི་རིན་ཆེན་རྡོ་རྗེ་དང་སྐལ་བཟང་ཉི་མ། རྫ་སེར་ཤུལ་ནས་ཡིན་པ་ལྷུན་འགྲུབ་བཅས་བོད་མི་གསུམ་ནས་དུས་ཆེན་གྱི་པར་རིས་ཕྱི་ཕྱོགས་སུ་བསྐུར་བའི་ཉེས་མིང་འོག་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་རེད།
རྒྱ་ནག་གཞུང་གིས་སྔ་ལོར་བོད་མི་ཚོར་གང་བྱུང་ཞིབ་བཤེར་དང་། ལྷག་པར་དུ་སྐྱེ་རྒུ་མདོ་རུ་ཕྱི་ཟླ་༨ནང་ཡུལ་ཤུལ་ཁུལ་ཟེར་བ་བཙུགས་ནས་ལོ་༧༠འཁོར་བའི་དུས་དྲན་ཟེར་བའི་སྐབས་མི་མང་ཁྲོད་ལྟ་རྟོག་དང་། ཉེན་རྟོག་པ་སོགས་འགྲེམས་འཇོག་གིས་ཁྲོམ་གཞུང་སོགས་ནས་མི་མང་ལ་གང་བྱུང་ཞིབ་བཤེར་དང་། སྲང་ལམ་དང་རྩེད་ཐང་སོགས་སུ་པར་ཆས་བཙུགས་ནས་དམ་དྲག་བྱས་ཡོད་པ་རེད། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས། རྒྱ་ནག་གཞུང་གིས་ད་བར་བོད་ནང་གི་བོད་མི་ཚོ་གང་བྱུང་འཛིན་བཟུང་དང་དང་བཀག་ཉར་བྱས་ཏེ། དེ་དག་གི་གནས་ཚུལ་དང་ནག་ཉེས་ག་རེ་ཡོད་པ་སོགས་ཕྱིར་བསྒྲགས་མི་བྱེད་པ་དེ། རྒྱ་ནག་གཞུང་རང་གིས་ཁྲིམས་འགལ་ལས་ཀ་བྱེད་བཞིན་པ་དང་བོད་མི་ཚོར་ནག་ཉེས་གང་ཡང་མེད་པ་གསལ་བོ་མཚོན་གྱི་ཡོད་སྐོར་བརྗོད་བྱུང་།
རིན་ཆེན་རྡོ་རྗེ་ལགས་ནི་རང་ལོ་༥༤ཙམ་ཡིན་པ་དང་། སྡོམ་མདའ་ཡུལ་ཚོ་ནས་ཡིན་ཞིང་དུས་རྒྱུན་གླ་འཁོར་གཏོང་གི་ཡོད་འདུག སྤྱིར་རྒྱ་ནག་གཞུང་གིས་སྔ་ལོར་ཡུལ་ཤུལ་གྱི་དུས་དྲན་ཟེར་བ་དང་བསྟུན་རྒྱ་ནག་དམར་ཤོག་ཚོགས་པ་དྲིལ་བསྒྲགས་དང་རྒྱ་ནག་གི་འགོ་ཁྲིད་མའོ་ཙེ་ཏུང་གཙོས་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོའི་པར་རིས་དཀྲམ་ནས་སྐྱེ་དགུ་མདོ་བཅིངས་གྲོལ་བཏང་བ་ཞེས་པའི་རྣམ་པ་ཤུགས་ཆེར་བསྟན་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།