སྲིད་སྐྱོང་མཆོག་དང་བོད་དོན་ལས་འགུལ་བསྟི་གནས་ཁང་གཉིས་ལ་དམངས་གཙོའི་ཆེད་བསྟོད་གཟེངས་རྟགས་ཕུལ་བ།

2024.06.14
སྲིད་སྐྱོང་མཆོག་དང་བོད་དོན་ལས་འགུལ་བསྟི་གནས་ཁང་གཉིས་ལ་དམངས་གཙོའི་ཆེད་བསྟོད་གཟེངས་རྟགས་ཕུལ་བ། མང་གཙོའི་ཆེད་བསྟོད་ཀྱི་གཟེངས་རྟགས་མཛད་སྒོའི་སྐབས། ༢༠༢༤།༠༦།༡༣
Screenshot, NED Live

ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༦ ཚེས་ ༡༣ ཉིན། ཨ་རིར་རྟེན་གཞི་བྱས་པའི་རྒྱལ་ཡོངས་དམངས་གཙོ་གོང་འཕེལ་ལྟེ་གནས་ཁང་གིས་ཕྱི་ལོ་ ༢༠༢༤ ལོའི་ Democracy Service Medal ཞེས་མང་གཙོ་གོང་འཕེལ་དང་འབྲེལ་བའི་ཞབས་ཞུའི་ལས་དོན་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་དེ། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཐད་ཕྱག་ལས་གནང་མྱོང་མཁན་མི་སྒེར་དང་ཚོགས་པ་ཁག་གཅིག་ལ་ཕུལ་གནང་ཡོད་པའི་ཁྲོད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་དོན་ལས་འགུལ་བསྟི་གནས་ཁང་གཉིས་ལ་ཕུལ་ཡོད་པ་བཞིན། གཟེངས་རྟགས་འབུལ་བཞེས་སྐབས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དམངས་གཙོའི་གཟེངས་རྟགས་དེ་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོའི་སྐུ་ཚབ་བྱས་ཏེ་བཞེས་རྒྱུ་དང་། ལྷག་པར་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གྲུབ་འབྲས་གང་ཞིག་ཐོབ་ཡོད་པ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལམ་སྟོན་འོག་བྱུང་བ་ཞིག་དང་། བཙན་བྱོལ་བོད་མིའི་དམངས་གཙོའི་གཞུང་དེ་ཡང་གཙོ་བོ་རྒྱ་གར་གཞུང་དང་ཨ་རིའི་གཞུང་གི་རྒྱབ་སྐྱོར་ལ་བརྟེན་ནས་བྱུང་བ་ཡིན་སྐོར་གསུངས་གནང་སོང་།

དེ་བཞིན་ཨ་རིར་རྟེན་གཞི་བྱས་པའི་བོད་དོན་འབྲེལ་མཐུད་ཁང་ལ། དམངས་གཙོའི་གཟེངས་རྟགས་དེ་བཞིན་བོད་ནང་རྒྱ་ནག་གཞུང་གིས་བོད་ཕྲུག་ས་ཡ་གཅིག་ལྷག་གཏན་འཇགས་སློབ་གྲྭར་ཆེད་གཏོང་གིས།བོད་ཀྱི་རིག་གཞུང་དང་སྐད་ཡིག་སོགས་རྩ་མེད་གཏོང་བཞིན་པའི་གནས་ཚུལ་ཕྱིར་བསྒྲགས་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་སོགས་ཀྱི་བརྒྱུད་ནུས་པ་འདོན་བཞིན་པར་ངོས་འཛིན་ཆེད་ཕུལ་ཡོད་པ་དང་།མཛད་སྒོའི་ཐོག་ལྟེ་གནས་ཁང་དེའི་འགན་འཛིན་བཀྲས་མཐོང་ལྷ་སྒྲོན་དང་། བོད་ནང་གི་ཤེས་ཡོན་སློབ་གསོའི་ཐད་ཉམས་ཞིབ་པ་རྒྱལ་ལོ་ལགས་གཉིས་ནས་བཞེས་གནང་སོང་ལ། སྐབས་དེར་རྒྱལ་ལོ་ལགས་ནས་གཟེངས་རྟགས་དེ་ཕུལ་བ་ནི་ང་ཚོའི་ལྟེ་གནས་ཁང་གི་ལས་དོན་ལ་ངོས་འཛིན་གནང་བ་ཙམ་མིན་པར།མ་འོངས་པའི་བོད་ཀྱི་མི་རབས་ཚོའི་ཆེད་དུ་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་འཐབ་རྩོད་བྱེད་བཞིན་པར་སེམས་ཤུགས་དང་སྙིང་སྟོབས་སྤྲད་གནང་བ་ཞིག་ཆགས་ཡོད་སྐོར་གསུང་སོང་ལ། ཡང་བཀྲས་མཐོང་ལྷ་སྒྲོན་ལགས་ནས་ཐེངས་འདིའི་གཟེངས་རྟགས་དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་འོག ད་བར་བོད་ཀྱི་མི་རབས་མང་པོས་རྒྱ་ནག་གིས་བོད་བཙན་བཟུང་ཐད་དཔའ་ངར་ཆེན་པོས་ངོ་རྒོལ་བྱས་པར་ངོས་འཛིན་གནང་བ་ཞིག་ཆགས་ཡོད་པས། མ་འོངས་པར་ལྟེ་གནས་ཁང་ངོས་ནས་མུ་མཐུད་བོད་ནང་གི་རང་དབང་དང་མང་གཙོའི་ཆེད་འཐབ་རྩོད་གནང་རྒྱུ་ཡིན་པ་གསུངས་སོང་།

གཞན་ཡང་ཐེངས་འདིར་མང་གཙོའི་གཟེངས་རྟགས་དེ་བཞིན་ཨུ་རུ་སུ་དང་བྷེ་ལ་རོ་སི་ནང་གི་རང་དབང་དང་མང་གཙོའི་ཕྱག་ལས་གནང་མཁན་སོགས་ལ་ཕུལ་གནང་ཡོད་པ་མ་ཟད། ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་ཚོགས་གཙོ་ལྕམ་ནན་སི་པི་ལོ་སི་མཆོག་དང་། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་(Mitch McConnell) གཉིས་ལ་ཕུལ་གནང་ཡོད་པ་རེད། དེ་ཡང་ལྕམ་ནན་སི་པི་ལོ་སི་མཆོག་ནས་དུས་ཡུན་རིང་པོ་ནས་རྒྱ་ནག་དྲུག་བཞིའི་དམངས་གཙོའི་ལས་འགུལ་གཙོས། བོད་དང་ཡུ་གུར། ཧོང་ཀོང་སོགས་ཀྱི་ནང་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་། མང་གཙོར་རྒྱབ་སྐྱོར་གནང་བར་བརྟེན་གཟེངས་རྟགས་དེ་ཕུལ་ཡོད་པ་དང་། སྐབས་དེར་ལྕམ་ནན་སི་པི་ལོ་སི་མཆོག་ནས་བོད་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐོར་ཕྱིར་དྲན་དང་འབྲེལ་གསུང་བཤད་གནང་སོང་བ་མ་ཟད། མཐའ་མཇུག་ཏུ་ཚང་མས་མཉམ་རུབ་ཐོག་དཀའ་སྡུག་འོག་གི་མྱོང་བཞིན་པའི་མི་མང་ཚང་མའི་ཆེད་འཐབ་རྩོད་གནང་དགོས་སྐོར་བཅས་གསུངས་གནང་སོང་།

མང་གཙོ་གོང་འཕེལ་དང་འབྲེལ་བའི་ཞབས་ཞུའི་ལས་དོན་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཞེས་པ་དེ། ཨ་རིར་རྟེན་གཞི་བྱས་པའི་རྒྱལ་ཡོངས་མང་གཙོ་གོང་འཕེལ་ལྟེ་གནས་ཁང་ངོས་ནས། ཕྱི་ལོ་༡༩༩༩ ལོ་ནས་སྤྲོད་འགོ་བཙུགས་ཡོད་པ་དང་། ཕྱི་ལོ་༢༠༡༠ ལོར་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཟེངས་རྟགས་དེ་ཕུལ་གནང་ཡོད་པ་རེད།

གསར་འགོད་པ། དཔལ་འབར། བསྟན་འཛིན་བདེ་སྐྱིད། 
རྩོམ་སྒྲིག་པ། བསྟན་འཛིན་པདྨ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྲིད་སྐྱོང་མཆོག་གིས་བོད་དང་ས་འབྲེལ་ལ་དྭགས་བྱང་ཐང་རྒོད་ཡུལ་སོགས་སུ་འཚམས་གཟིགས་གནང་བཞིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་བརྩམས་པའི་བདེན་དོན་གླེང་བའི་གཏམ་ཟེར་བའི་དེབ་ཅིག་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ནས་དབུ་འབྱེད་གནང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎