གཞས་པ་ཁག་ནས་༧གོང་ས་མཆོག་ལ་ཆེ་བསྟོད་ཀྱི་གླུ་གཞས་གསར་རྩོམ།
2015.06.19

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གྱ་སྟོན་སྲུང་བརྩི་དང་མགོན་པོ་གང་ཉིད་ཀྱིས་འཛམ་གླིང་གི་ཞི་བདེ་དང་འཚེ་བ་མེད་པའི་ལྟ་སྤྱོད་དང་བྱམས་སྙིང་རྗེའི་མཛད་འཕྲིན་ཁག་ལ་ཆེ་བསྟོད་ཞུ་ཆེད། འཛམ་གླིང་ནང་གྲགས་ཆེ་བའི་གཞས་པ་དང་གཞས་མ་ Sting དང་ Peter Gabriel, Kate Bush སོགས་ཀྱིས་གླུ་གཞས་ཁག་གཅིག་གསར་རྩོམ་གནང་ཡོད་འདུག
དེ་ཡང་ Art of Peace Foundation འམ་རྒྱུ་རྩལ་གྱི་ཞི་བདེ་དགེ་རྩ་ཚོགས་པ་ཞེས་པས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༨༠ཕེབས་པའི་སྐུའི་གྱ་སྟོན་ལ་འཚམས་འདྲི་དང་ཆེ་བསྟོད་ཞུ་སླད་བོད་དོན་ཆེད་གླུ་གཞས་ཞེས་འོད་སྡེར་གཉིས་པ་ཞིག་འདོན་སྤེལ་གནང་གི་ཡོད་པ་དང་། གོང་གསལ་གྲགས་ཆེ་བའི་རྒྱལ་སྤྱིའི་གཞས་པ་དང་གཞན་མ་ Sting དང་ Peter Gabriel, Kate Bush བཅས་ནས་འོས་སྡེར་དེའི་ཐོག་གླུ་གཞས་གསར་རྩོམ་གནང་ཡོད་འདུག གླུ་གཞས་ཀྱི་འོད་སྡེར་དེ་༸གོང་ས་མཆོག་ཕྱི་ལུགས་ལྟར་གྱི་འཁྲུངས་ཚེས་ཕྱི་ཟླ་ ༧ པའི་ཚེས་ ༦ ཉིན་ཕྱི་བསྒྲགས་གནང་རྒྱུ་དང་འོད་སྡེར་ཕྱི་ཚོང་གི་དངུལ་གྱི་ཡོང་འབབ་ཁག་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ཁྱབ་སྤེལ་དང་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་ཁྱབ་སྤེལ་གནང་རྒྱུའི་ཆེད་བེད་སྤྱོད་གནང་རྒྱུ་ཡིན་པ་རེད། ད་ཐེངས་ཀྱི་བོད་དོན་ཆེད་གླུ་གཞས་ཀྱི་འོད་སྡེར་དེ་ཐེངས་གཉིས་པ་ཆགས་ཀྱི་ཡོད་པ་དང་འོད་སྡེར་དང་པོ་དེ་ཕྱི་ལོ་ ༢༠༠༨ ལོར་བཏོན་འདུག་པ་དང་སྐབས་དང་པོའི་འོས་སྡེར་ནང་ Sting དང་ Peter Gabriel, Kate Bush, Elbow, John Mayer, Dave Mattthews, Alan Morissetteབཅས་གཞས་པ་དང་གཞན་མ་གྲགས་ཆེན་མང་པོས་༧གོང་ས་མཆོག་གི་འཛམ་གླིང་ཞི་བདེ་དང་བྱམས་བརྩེ་གོང་འཕེལ་གྱི་མཛད་རྗེས་ལ་ཆེ་བསྟོད་ཀྱི་གླུ་གཞས་གསར་རྩོམ་གནང་ཡོད་པ་རེད༎
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།