ཧྥ་རན་སིའི་ནང་གི་འགྲེམས་སྟོན་ཁང་གཉིས་ཀྱིས་བོད་མིང་ལ་ཤིས་ཙང་ཞེས་བེད་སྤྱོད་བྱས་པར་མུ་མཐུད་དུ་བོད་དོན་ལས་འགུལ་བས་ངོ་རྒོལ་བྱེད་བཞིན་འདུག
ཧྥ་རན་སའི་ནང་ཡོད་པའི་དང་བླངས་བོད་དོན་ཞུ་གཏུག་ཚོགས་མི་ཚོས་ཡུལ་དེའི་འགྲེམས་སྟོན་ཁང་ཁག་ཅིག་དང་སློབ་གྲྭ་ཆེ་ཁག་ནས་བོད་ལ་དབྱིན་སྐད་ཐོག་(Tibet)་བེད་སྤྱོད་གཏོང་བཞིན་པའི་ཚབ་ཏུ་རྒྱ་སྐད་དུ་ཤིས་ཙང་(Xizang)་ཞེས་རྒྱ་ནག་གཞུང་གིས་བེད་སྤྱོད་གཏོང་སྟངས་ལྟར་འགྲོ་བཞིན་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པ་རེད་འདུག
དེ་ཡང་(X)་དྲྭ་ཐོག་ཏུ་སྤྱི་ཟླ་༩་ཚེས་༡༧་ཉིན་ཧྥ་རན་སའི་(France)་ནང་ཡོད་པའི་(V-tag)་ཞེས་དང་བླངས་བོད་དོན་ཞུ་གཏུག་ཚོགས་མི་གཞོན་སྐྱེས་དང་སློབ་ཕྲུག་ཁག་ཅིག་གིས་ཕྱོགས་བསྒྲིགས་བྱས་པའི་བརྙན་ཐུང་ཞིག་བཏོན་འདུག་པ་དེའི་ནང་། ཧྥ་རན་སའི་ནང་གི་འགྲེམས་སྟོན་ཁང་ཁག་ཅིག་གིས་བོད་དང་འབྲེལ་བའི་དངོས་རྫས་བཤམས་སྟོན་དང་ཡི་གེ་འགྲེལ་བཤད་བྱས་པའི་པར་རིས་ཁག་ཅིག་ཕྱིར་བཏོན་བྱས་པ་དང་། དེའི་ནང་བོད་ལ་དབྱིན་སྐད་ཐོག་ཡོངས་གྲགས་སུ་(Tibet)་ཞེས་བེད་སྤྱོད་གཏོང་བཞིན་པའི་ཚབ་ཏུ་རྒྱ་སྐད་དུ་ཤིས་ཙང་(Xizang)་ཞེས་རྒྱ་ནག་གཞུང་གིས་བོད་ཀྱི་མིང་རྒྱལ་སྤྱིའི་སྟེང་བསྒྱུར་ཐབས་བྱེད་བཞིན་པ་དེ་བེད་སྤྱོད་གཏོང་བཞིན་ཡོད་པ་ཐེར་འདོན་དང་སྦྲགས། སློབ་ཕྲུག་ཅིག་གིས་ཧྥ་རན་སའི་ནང་ཡོད་པའི་འགྲེམས་སྟོན་ཁང་ཁག་ཅིག་དང་སློབ་གྲྭ་ཆེ་ཁག་ཚོས་རྒྱ་གཞུང་གི་དགོས་འདུན་ལ་མགོ་སྒུར་བཞིན་ཡོད་པ་དང་། བྱེད་སྟངས་དེས་བོད་ཀྱི་ལོ་རྒྱུས་བསྒྱུར་བཅོས་དང་བོད་ཀྱི་རིག་གཞུང་ཆ་ཚང་རྩ་མེད་གཏོང་ཐབས་དང་ཧྥ་རན་སའི་ནང་ཡོད་པའི་སྒྲིག་འཛུགས་ཁག་ཡང་དབང་དུ་བསྒྱུར་བཞིན་ཡོད་པའི་རྟགས་མཚོན་ཞིག་ཡིན་ཞེས་གསུངས་འདུག
ཡང་སློབ་ཕྲུག་གཞན་ཞིག་གིས་(The Quai Branly)་ཞེས་པའི་འགྲེམས་སྟོན་ཁང་དང་། ཡང་(Guimet)་ཞེས་པའི་འགྲེམས་སྟོན་ཁང་དེ་གཉིས་དཔེ་མཚོན་དང་། ལྷག་པར་དུ་ང་ད་ལྟ་ཡོད་སའམ་ཁྱེད་རང་གིས་ད་ལྟ་གཟིགས་སྡོད་ས་འདི་ནི་(Guimet)་འགྲེམས་སྟོན་ཁང་ཡིན་པས་བོད་སྐོར་ལ་བརྗོད་དུས་ཐ་སྙད་ཚིག་བེད་སྤྱོད་གཏོང་སྟངས་དེ་རྒྱ་གཞུང་གིས་བརྗོད་སྲོལ་དང་གཅིག་མཚུངས་སུ་བསྒྱུར་ཡོད་འདུག་ཅེས་བརྙན་པར་མཉམ་སྦྱར་དང་འབྲེལ་ངོ་སྤྲོད་གནང་འདུག
དེ་མིན་ཡང་སློབ་ཕྲུག་ཅིག་གིས་བོད་ནི་རྒྱ་ནག་གཞུང་གིས་སྤྱི་ལོ་༡༩༤༩་ལོ་ནས་བཙན་འཛུལ་བྱས་ནའང་། ཁོང་ཚོའི་དངོས་རྫས་འགྲེམས་སྟོན་ནང་མེད་པ་གྱུར་ནས་རྒྱ་གཞུང་གིས་དགོས་འདུན་ལྟར་(Xizang)་རང་སྐྱོང་ལྗོངས་ཞེས་ཐ་སྙད་བེད་སྤྱོད་བྱེད་བཞིན་འདུག་པ་ངོ་སྤྲོད་གནང་འདུག གོང་ཞུས་སློབ་ཕྲུག་ཁག་ནས་ཡང་ཁ་སྣོན་བྱས་པའི་བརྗོད་ཚིག་ནང་དུ། དེ་ནི་རྒྱ་ནག་གིས་སྤྱི་ལོ་༢༠༢༣་ལོ་ནས་ཁྲིམས་ལུགས་ཞིག་གཏན་འབེབས་བྱས་པ་ལ་བརྟེན་ནས་བོད་སྐོར་ཀྱི་ལོ་རྒྱུས་བསྒྱུར་བཅོས་བྱེད་བཞིན་པའི་གནད་དོན་ཞིག་ཡིན་པ་དང་། དེ་ནི་རྒྱ་གཞུང་གི་ཆབ་སྲིད་ཀྱི་གཡོ་ཇུས་ཆེན་པོའི་འོག་བོད་སྐོར་ཀྱི་ལོ་རྒྱུས་བསྒྱུར་བཅོས་དང་བོད་ཀྱི་རིག་གཞུང་རྩ་མེད་ཀྱི་ཐེབས་བྱུས་དབང་ཤུགས་ཆེན་པོར་(France)་ནང་གི་སྒྲིག་འཛུགས་ཁག་ནས་མགོ་སྒུར་བྱེད་བཞིན་པའི་རྣམ་པ་ཞིག་ཡིན་པས་ང་ཚོའི་རིན་ཐང་དང་མི་དམངས་ཀྱི་རིག་གཞུང་དང་ཐོབ་ཐང་ལ་ང་ཚོས་སྲུང་སྐྱོང་བྱེད་པའི་དུས་ལ་སླེབས་ཡོད། རྒྱ་གཞུང་གིས་ལོ་རྒྱུས་བསྒྱུར་བཅོས་དང་དབང་བསྒྱུར་བྱེད་བཞིན་པའི་བྱ་ངན་དེ་ཚོ་ངེས་པར་དུ་འཛམ་གླིང་ལ་མཁྱེན་རྟོགས་ཆེད་བརྒྱུད་སྐུར་གནང་རོགས་ཞེས་འབོད་སྐུལ་ཞུས་འདུགV-TAGgers in 🇫🇷
— V-TAG དྭང་བླངས་བོད་དོན་ཞུ་གཏུག (@vtag_tibet) September 17, 2024
Let's not let history be manipulated!!
We ask @quaibranly and its director @MuseeGuimet as well as the @LintzYannick museum not to use the term Xizang and therefore not to cooperate with the PRC in manipulating the history of Tibet!#TibetIsNotChina pic.twitter.com/XacSjBMqLL
གོང་ཞུས་གནས་ཚུལ་ཐད་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཧྥ་རན་སིའི་འགྲེམས་སྟོན་ཁང་དེ་གཉིས་ལ་གློག་འཕྲིན་བརྒྱུད་འབྲེལ་བ་ཞུས་ཀྱང་ད་ལྟའི་ཆར་ལན་འདེབས་གང་ཡང་བྱུང་མ་སོང་།
དེའི་སྔོན་སྤྱི་ཟླ་༩བའི་ཚེས་༣ཉིན་གནད་དོན་དེའི་ཐད་བོད་རིག་པ་བ་དང་རྒྱ་ནག་གི་ཆེད་ལས་མཁས་པ་ཁག་ཅིག་གིས་མཉམ་འབྲེལ་ཐོག་སྤེལ་བའི་རྩོམ་ཡིག་ནང་། ཧྥ་རན་སིའི་འགྲེམས་སྟོན་ཁང་ཁག་གིས་བོད་ཅེས་པའི་ཚབ་ཏུ་ཤིས་ཙང་རང་སྐྱོང་ལྗོངས་ཟེར་བ་དང་ཧི་མ་ལ་ཡའི་འཇིག་རྟེན་ཟེར་བ་སོགས་ཐ་སྙད་བེད་སྤྱོད་ཀྱིས་མིང་བསྒྱུར་བཅོས་བཏང་བ་དང་། ཧྥ་རན་སིའི་འགྲེམས་སྟོན་ཁང་ཁག་ཏུ་ལོ་རྒྱུས་བསྐྱར་འབྲི་བྱེད་ཐབས་ཀྱི་རྒྱ་ནག་གི་ཤུགས་རྐྱེན་བསླེབས་ཡོད་པ་སོགས་ལ་སྐྱོན་བརྗོད་གནང་ཡོད་པ་མ་ཟད། འདི་ནི་སེམས་ཚབས་བྱེད་དགོས་པའི་གནད་དོན་ཞིག་ཡིན་པ་དང་། ང་ཚོའི་ཚན་རིག་དང་རིག་གཞུང་གི་ཚོགས་སྡེ་ཁག་གིས་གནད་དོན་དེ་གལ་ཆེན་ཞིག་ཏུ་བརྩིས་ནས་མང་གཙོ་མིན་པའི་ཕྱིའི་རྒྱལ་ཁབ་ཀྱི་ཐེ་ཇུས་ལ་ངོས་ལེན་བྱེད་མི་རུང་བའི་ནན་སྐུལ་བྱས་ཡོད་འདུག
དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་ཀྱང་དེ་དང་འབྲེལ་ནས་ཧྥ་རན་སིའི་འབྲེལ་ཡོད་ལས་ཁུངས་ཁག་ལ་ཞུ་སྐུལ་ཡི་གེ་ཕུལ་ཡོད་པ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་གསུངས་བྱུང་།
དེ་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་འགྲེམས་སྟོན་ཁང་གིས་འདི་ཚེས་༡༨ཉིན་བསྒྲགས་གཏམ་སྤེལ་བའི་ནང་། ད་རེས་ཧྥ་རན་སིའི་རྒྱལ་ས་པེ་རི་སི་རུ་རྟེན་གཞི་བྱས་པའི་བྷེ་རན་ལི་(Branly)་འགྲེམས་སྟོན་ཁང་དང་། གྷུའི་མེ་ཊི་(Guimet)་འགྲེམས་སྟོན་ཁང་གཉིས་ཀྱིས་འགྲེམས་སྟོན་སྐབས་བོད་ཅེས་པའི་ཚབ་ཏུ་རྒྱ་སྐད་དུ་བསྒྱུར་བའི་ཤིས་ཙང་རང་སྐྱོང་ལྗོངས་(Xizang Autonomous Region)་ཟེར་བའི་ཐ་སྙད་བེད་སྤྱོད་བྱས་བར་སེམས་ཁྲལ་དང་བློ་ཕམ་ཧ་ཅང་ཆེན་པོ་ཡོད། དེ་ནི་རྒྱ་ནག་གཞུང་གི་གནོན་ཤུགས་འོག་གི་ཐག་གཅོད་དང་ལོ་རྒྱུས་ལ་འཁྱོག་བརྗོད་བྱས་བ་ཞིག་ཡིན་པས་ཁས་ལེན་ཐབས་མེད་པ་བསྒྲགས་འདུག𝐂𝐨𝐧𝐜𝐞𝐫𝐧 𝐎𝐯𝐞𝐫 𝐂𝐡𝐚𝐧𝐠𝐞𝐬 𝐭𝐨 𝐓𝐢𝐛𝐞𝐭𝐚𝐧 𝐑𝐞𝐩𝐫𝐞𝐬𝐞𝐧𝐭𝐚𝐭𝐢𝐨𝐧 𝐢𝐧 𝐅𝐫𝐞𝐧𝐜𝐡 𝐌𝐮𝐬𝐞𝐮𝐦𝐬 pic.twitter.com/mjh3ZKnkzV
— Tibet.Net (@CTA_TibetdotNet) September 18, 2024
གསར་འགོད་པ། ཆོས་སྐྱིད།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།