བོད་མི་ན་གཞོན་ཤེས་ཡོན་སློབ་གསོ་བ་དཔལ་མགོན་ལགས་གློད་གྲོལ་བཏང་ཡོད་ཀྱང་མུ་མཐུད་དམ་དྲག་དང་ལྟ་སྲུང་འོག་གནས་འདུག

2025.01.30
བོད་མི་ན་གཞོན་ཤེས་ཡོན་སློབ་གསོ་བ་དཔལ་མགོན་ལགས་གློད་གྲོལ་བཏང་ཡོད་ཀྱང་མུ་མཐུད་དམ་དྲག་དང་ལྟ་སྲུང་འོག་གནས་འདུག བོད་མི་ན་གཞོན་ཤེས་ཡོན་པ་དཔལ་མགོན་ལགས་ཀྱི་པར། ཟླ་ཚེས་མི་གསལ།
མི་སེར་གྱི་འདྲ་པར།

** ཁ་སྣོན།  ༢༠༢༥།༠༡།༣༠ ཕྱི་དྲོ་ཚོུད་ ༡།༢༢ EST
བོད་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པ་དང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བསྔོ་རྟེན་སྐྱབས་ཞུ་ཕུལ་བའི་ཉེས་མིང་འོག་རྒྱ་ནག་གཞུང་གིས་ ༢༠༢༢ ལོར་འཛིན་བཟུང་བྱས་པའིབོད་མི་རྩོམ་པ་པོ་དང་ཤེས་ཡོན་སློབ་གསོ་བ་དཔལ་མགོན་ལགས་ཕྱི་ལོ་ ༢༠༢༤ ཟླ་ ༡༡ ནང་གློད་གྲོལ་བཏང་ཡོད་པ་དང་། ད་ལྟའི་ཆར་ཁོང་ལ་མུ་མཐུད་འགྲོ་འདུག་སྤྱོད་གསུམ་གྱི་ཐད་ལྟ་སྲུང་བྱེད་བཞིན་ཡོད་པ་མ་ཟད། ཕྱི་ནང་གི་མི་ལ་འབྲེལ་འདྲིས་བྱེད་མི་ཆོག་པའི་དམ་དྲག་འོག་གནས་ཡོད་པ་རང་གི་བདེ་འཇགས་ཆེད་མིང་བརྗོད་འདོད་མེད་པའི་བོད་ནང་གི་འབྲེལ་ཡོད་བོད་མི་ཁག་ཅིག་གིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་ངོ་སྤྲོད་གནང་བྱུང་།

རང་ལོ་ ༣༢ ཙམ་ལ་སོན་པ་བོད་མི་ན་གཞོན་ཤེས་ཡོན་ཅན་པ་དཔལ་འགོན་ལགས་ནི་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་པདྨ་རྫོང་ནས་ཡིན་པ་དང་། བོད་ཕྱི་ཕྱོགས་སུ་འབྲེལ་བ་བྱས་ཏེ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བསྔོ་རྟེན་སྐྱབས་ཞུ་ཕུལ་བའི་ཉེས་མིང་བཙུགས་ཏེ་ཕྱི་ལོ་ ༢༠༢༢ ཟླ་ ༨ ཙམ་ལ་རྒྱ་ནག་གཞུང་གིས་དཔལ་མགོན་ལགས་རང་ཁྱིམ་ནས་འཛིན་བཟུང་བྱས་པའི་རྗེས། འདས་པའི་ལོ་ ༢ ལྷག་ཙམ་རིང་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།

འབྲེལ་ཡོད་ཅིག་གིས། ད་ལྟའི་ཆར་དཔལ་མགོན་ལགས་གློད་གྲོལ་བཏང་སྟེ་རང་ཁྱིམ་དུ་འབྱོར་ཡོད་པ་ལས། ས་གནས་གང་དུ་བཙོན་འཇུག་བྱས་མིན་གཙོས་ཁོང་གི་འཕྲོད་བསྟེན་གནས་སྟངས་སོགས་ཞིབ་ཕྲ་ཤེས་རྟོགས་གང་ཡང་བྱུང་མེད་པ་འགྲེལ་བརྗོད་གནང་བྱུང་།

ན་གཞོན་ཤེས་ཡོན་པ་དཔལ་མགོན་ལགས་ནི། རྒྱ་ནག་གཞུང་གིས་ ༢༠༢༤ ལོ་སྒོ་བརྒྱབ་ཟིན་པའི་བོད་ནང་གི་སྒེར་གཉེར་སློབ་གྲྭ་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་དུ་སློབ་གཉེར་གནང་མྱོང་ཡོད་པ་དང༌། ཕྱི་ལོ་ ༢༠༢༡ ལོ་ནས་མགོ་ལོག་པདྨ་རྫོང་གི་སློབ་ཆུང་ཞིག་ཏུ་དགེ་རྒན་གྱི་བྱ་བ་གཉེར་བཞིན་ཡོད་ཀྱང་། རྗེས་སུ་དགེ་རྒན་གྱི་ལས་གནས་ནས་དགོངས་པ་ཞུས་ཏེ་རང་ངོས་ནས་དཔེ་ཀློག་དང་རྩོམ་རིག་བྲིས་ནས་གནས་སྡོད་བྱས་འདུག་ལ། ཡང་འབྲེལ་ཡོད་བོད་མི་གཞན་གཅིག་གིས། དཔལ་མགོན་ལགས་ནི་ནམ་རྒྱུན་སྤྱི་ཚོགས་དྲྭ་ལམ་གྱི་སྐད་འཕྲིན་སོགས་སུ་རྩོམ་རིག་སྣ་ཚོགས་འབྲི་མཁན་ཞིག་ཡིན་ནའང་། འབྲེལ་ཡོད་བརྒྱུད་ཁོང་གི་རྩོམ་ཡིག་བྲིས་པ་ཁག་རྩད་འཚོལ་བྱེད་ཐབས་བྱས་ཀྱང་སྐད་འཕྲིན་གྱི་རྒྱབ་ལྗོངས་བཀག་འགོག་བྱས་ཏེ་རྩོམ་ཡིག་ཁག་རྙེད་སོན་མ་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།

རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་ ༢༠༢༢ ལོར་དཔལ་མགོན་ལགས་འཛིན་བཟུང་བྱས་པའི་སྐབས་དེར།  འདི་ནི་རྒྱ་ནག་གིས་བོད་མི་ཚོར་ཕྱི་ཕྱོགས་དང་འབྲེལ་བ་བྱེད་རྒྱུར་འགོག་རྐྱེན་བཟོ་བཞིན་པ་མཚོན་གྱི་ཡོད་པ་གསུངས་ཤིང་།  དེ་ཡང་ཁོང་གིས། "རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་པར་དམ་དྲག་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཤེས་རྟོགས་ཡོང་བར་འདོད་ཀྱི་ཡོད་མ་རེད།" ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཡོད།

ཡང་བོད་རྒྱའི་གནད་དོན་དབྱེ་ཞིབ་པ་སངས་རྒྱས་སྐྱབས་ལགས་ཀྱིས་སྐབས་དེར། བཙན་བྱོལ་བོད་མི་དང་འབྲེལ་བ་བྱེད་མཁན་བོད་ནང་གི་བོད་ཚོ་འཛིན་བཟུང་དང་དོ་དམ་བྱེད་པ་དེ་ནི་བོད་ཕྱི་ནང་གཉིས་དབར་གྱི་འབྲེལ་བ་གཅོད་རྒྱུ་དང་། བོད་ནང་གི་བོད་མི་ཚོས་དད་གུས་ཞུ་ཡུལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་རྣམ་པའི་བོད་ནང་ཤུགས་རྐྱེན་འགོག་ཐབས་བྱས་པའི་ཐབས་ལམ་ཞིག་རེད་ཅེས་གསུངས་ཡོད།

སྤྱིར་རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནས་བཟུང་བོད་ཕྱི་ཕྱོགས་སུ་འབྲེལ་བ་བྱས་སྐོར་གྱི་ཉེས་མིང་འོག་བོད་མི་མང་དག་ཅིག་འཛིན་བཟུང་བྱས་པ་དང་། ལྷག་པར་བོད་མི་ཤེས་ཡོན་ཅན་ཚོར་ཉེས་མིང་འདྲ་མིན་བཏགས་པའི་འོག་དུས་བཀག་བཙོན་འཇུག་དང་དོ་དམ་བྱས་པ་སོགས་ཀྱི་གནས་ཚུལ་བསྟུད་མར་བྱུང་ཡོད་པ་རེད་ལ། ཕྱི་ལོ་ ༢༠༢༡ ཟླ་ ༤ ནང་རྔ་བ་ཀིརྟིའི་དགོན་གྱི་དགེ་འདུན་པ་རྭ་ཆུང་དགེ་འདུན་ལགས་དང་། དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་གཉིས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བསྔོ་རྟེན་སྐྱབས་ཞུ་ཕུལ་བའི་ཉེས་མིང་འོག་འཛིན་བཟུང་གིས་ལོ་གཉིས་ནས་གསུམ་བར་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་མ་ཟད། བོད་མི་ཤེས་ཡོན་པ་དྷི་ལྷ་ལྡན་ལགས་དང་། རོང་བོ་དགེ་འདུན་ལྷུན་གྲུབ།་ལགས། སྒོ་ཤེས་རབ་རྒྱ་མཚོ་ལགས། རོང་བོ་གངས་དཀར་ལགས་སོགས་ཀྱང་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་རེད།།

**རྒྱབ་ལྗོངས་ཀྱི་གནས་ཚུལ་ཁག་ཁ་སྣོན་ཞུས་ཡོད།

གསར་འགོད་པ། ལོ་ཡག་བཀྲ་ཤིས།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ། 

དྲྭ་ཐོག་རྩོམ་སྒྲིག་པ།  བཀྲིས་དབང་ཕྱུག

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎