དབོན་པོ་སྟོད་ཁུལ་མུ་མཐུད་དུ་དམ་དྲག་འོག་གནས་ཤིང་དོ་དམ་བཀག་བསྐྱིལ་འོག་ད་དུང་མི་ལྔ་ཡོད་པ་བརྗོད་བྱུང་།

2024.04.02
དབོན་པོ་སྟོད་ཁུལ་མུ་མཐུད་དུ་དམ་དྲག་འོག་གནས་ཤིང་དོ་དམ་བཀག་བསྐྱིལ་འོག་ད་དུང་མི་ལྔ་ཡོད་པ་བརྗོད་བྱུང་། དབོན་སྟོད་དགོན་གྱི་ཕྱག་མཛོད་རྒན་པ་བསྟན་འཛིན་བཟང་པོ་ལགས་དང་གྲོང་ཚོའི་ལས་བྱེད་བསྟན་འཛིན་ལགས་གཉིས་ཀྱི་པར། ༼ཟླ་ཚེས་མི་གསལ།
བོད་འབྱོར། མི་སེར་གསར་འགོད་པ།

སྡེ་དགེ་རྫོང་ཁོངས་དབོན་པོ་སྟོད་ཁུལ་གྱི་འབྲི་ཆུའི་རྒྱུད་དུ་རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞིའི་འོག ས་གནས་ཀྱི་བོད་མི་མང་ཚོགས་རྣམས་བཙན་ཤེད་ངང་ས་གནས་གཞན་དུ་སྤོར་དགོས་སྐོར་བརྗོད་པར་དབོན་པོ་སྟོད་ཁུལ་གྱི་དགོན་པའི་དགེ་འདུན་པ་དང་མང་ཚོགས་ཀྱིས་ཕྱི་ལོ་༢༠༢༤ཟླ་༢ཚེས་༡༤ཙམ་ནས་ཞུ་འབོད་ཀྱི་ལས་འགུལ་འགོ་བཙུགས་པ་དང་། འཛུགས་སྐྲུན་གྱི་ལས་འཆར་མཚམས་འཇོག་བྱེད་དགོས་པའི་ཞུ་འབོད་བྱས་པར། སྐབས་དེར་བོད་མི་བརྒྱ་ཕྲག་མང་པོ་འཇུ་བཟུང་བཀག་ཉར་བྱས་པ་དེའི་ཁོངས་ནས། མི་ལྔ་ལ་ཁྲིམས་ཐོག་ནས་ནག་ཉེས་བཙུགས་ཡོད་པ་དང་། དེ་བཞིན་རྒྱ་ནག་གཞུང་གིས་དམིགས་བསལ་སྦྱོང་བརྡར་སྤྲད་པའི་ཉེན་རྟོག་པ་དང་ས་གནས་ཀྱི་ཉེན་རྟོག་པ་བཅས་བཏང་སྟེ་དྲག་གནོན་བྱས་ཤིང་། ད་ལྟ་ཡང་ས་གནས་བོད་མི་རྣམས་ཕྱི་ཕྱོགས་སུ་འབྲེལ་བ་བྱེད་མི་ཆོག་པར་དམ་དྲག་འོག་གནས་མུས་རེད་འདུག
བོད་ནང་ནས་རང་ཉིད་ཀྱི་བདེ་འཇགས་ཆེད་མིང་བརྗོད་འདོད་མེད་པའི་མི་སྣ་ཁག་ཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་དོན་ལྟར་ན། དབོན་སྟོད་དགོན་པའི་ཕྱག་མཛོད་བསྟན་འཛིན་བཟང་པོ་ལགས་དང་། དེ་མིན་གྲོང་ཚོའི་མི་བཞི་ལ་སྤྱི་ཚོགས་ཀྱི་སྒྲིག་ཁྲིམས་གཏོར་བཤིག་གཏོང་མཁན་གྱི་ནག་ཉེས་བཙུགས་ཡོད་ཅིང་། ད་ལྟའི་ཆར་མི་སྣ་ལྔ་ལ་ནག་ཉེས་བཙུགས་པའི་སྐོར་བརྗོད་པ་ཙམ་ལས། མི་སྣ་གཞན་བཞི་པོའི་མིང་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་མ་སོང་ལ། མི་སྣ་ལྔ་པོར་ཉེས་འཛུགས་བྱས་པའི་སྐབས་སུ་མཚོན་ནའང་དག་འབུད་བྱ་རྒྱུའི་སླད་ཁྲིམས་རྩོད་པ་གླ་ཐུབ་མེད་པ་དང་། ཚོད་དཔག་བྱས་ན་བོད་མི་ལྔ་པོར་ཉེས་འཛུགས་བྱས་པ་འདིའི་འོག་ནས་དུས་ཡུན་རིང་ན་ཉེས་ཆད་ལོ་གསུམ་ནས་ལོ་ལྔ་བར་དང་། ཐུང་ན་ཟླ་བ་ཁ་ཤས་རིང་བཙོན་འཇུག་བྱ་སྲིད་པའི་ཚོད་དཔག་གནང་གི་འདུག
གནས་ཚུལ་འདིའི་འབྱུང་རྩ་གཙོ་བོ་ནི། ཁམས་སྡེ་དགེ་དབོན་པོ་སྟོད་ཁུལ་གྱི་འབྲི་ཆུའི་རྒྱུད་དུ་སྐམ་ཐོག་ཆུ་ཤུགས་གློག་ཁང་སྐྲུན་རྒྱུའི་འཆར་གཞི་དེའི་འོག་མི་རབས་ནས་མི་རབས་ས་གནས་དེར་འཚོ་གནས་བྱེད་བཞིན་ཡོད་པའི་བོད་མི་མང་ཚོགས་རྣམས་གནས་སྤོ་བྱ་དགོས་པའི་བཀོད་ཁྱབ་བཏང་པ་དང་། གནའ་བོའི་ལོ་རྒྱུས་ཡུན་རིང་ཡོད་པའི་ཆེས་རིན་ཐང་ཅན་གྱི་དགོན་པ་དང་གནའ་ཤུལ་མང་པོ་རྩ་གཏོར་གཏོང་རྒྱུའི་ཉེན་ཁ་བྱུང་པའི་སྐབས་འདིར་ས་གནས་མང་ཚོགས་ཀྱིས་གཞུང་གི་ལས་ཁུངས་ཀྱི་མདུན་དུ་ཞི་བའི་ངོ་རྒོལ་དང་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་གྱི་ལས་གཞི་མཚམས་འཇོག་བྱ་དགོས་པའི་འབོད་སྐུལ་ཞུ་སླད་བོད་མི་སེར་སྐྱ་ཚོས་མཐེ་བོང་བསྟན་ནས་ཞུ་འབོད་བྱས་པའི་རྗེས་སུ་བྱུང་པ་ཞིག་ཡིན་པ་རེད།

Derge tibetan protest1.jpg
དབོན་པོ་སྟོད་ཁུལ་དུ་ཉེན་རྟོག་པ་དང་གཞུང་གི་ལས་བྱེད་པ་ཡོང་བའི་སྐབས་སུ་མཚོན་ནའང་ཞུ་འབོད་ཐེངས་མང་བྱས་པའི་ཁྲོད་ནས། རྒྱ་ནག་གཞུང་གིས་དགེ་འདུན་པ་ཚུད་པའི་ས་གནས་མང་ཚོགས་ཧ་ཅང་མང་པོ་འཛིན་བཟུང་བཀག་ཉར་བྱས་པ་དང་། མི་མང་པོ་ཞིག་ལ་ཉེས་རྡུང་དྲག་པོ་ཕོག་པ་སོགས་ཀྱི་གནས་ཚུལ་བྱུང་པ་ཁག་གི་སྐོར་ཕྱི་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་ཡོད་པ་དང་། ད་ལྟ་དབོན་པོ་སྟོད་ཁུལ་དུ་ས་གནས་མང་ཚོགས་ལ་ཉེན་བརྡའི་ཚུལ་གྱིས་ཕྱི་ཕྱོགས་སུ་དབོན་སྟོད་ཁུལ་དུ་བྱུང་པའི་གནས་ཚུལ་གང་ཡང་བཤད་མི་ཆོག་པ་དང་། འདྲ་པར་དང་བརྙན་པར་སོགས་ཕྱི་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ལ་སྤྲོད་མི་ཆོག་པའི་བཀའ་རྒྱ་བཏང་པ་མ་ཟད། ད་དུང་གཞུང་གི་ལས་བྱེད་པ་དགོན་པར་སླེབས་ནས་བརྗོད་དོན་ལྟར་ན། ངོ་རྒོལ་གྱི་ལས་འགུལ་སྤེལ་ན་འཛིན་བཟུང་བྱེད་ཀྱི་མ་རེད། འོན་ཀྱང་ངོ་རྒོལ་ལས་འགུལ་གྱི་གནས་ཚུལ་ཕྱི་ཕྱོགས་སུ་བཏང་པའི་དབང་གིས་རྒྱ་ནག་གཞུང་ངོ་ཚ་པོ་བཟོས་ཡོད་པས། གནས་ཚུལ་ཕྱི་ཕྱོགས་སུ་སྤྲོད་མཁན་ཚོར་ཉེས་པ་གཏོང་རྒྱུ་འདི་གཙོ་བོ་ཆགས་ཡོད་པའི་འཇིགས་སྐུལ་བྱས་པར་བརྟེན། ད་ལྟ་ས་གནས་དེའི་མང་ཚོགས་ཀྱིས་ཕྱི་ཕྱོགས་སུ་ས་གནས་སུ་བྱུང་བཞིན་པའི་དངོས་ཡོད་གནས་ཚུལ་སྤྲོད་མི་ནུས་པ་དང་གཏོང་མི་ཐུབ་པའི་གནས་སྟངས་འོག་གནས་ཡོད་པ་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཡང་གནས་ཚུལ་མཁོ་སྤྲོད་པ་གཞན་ཞིག་གིས། ད་ཆ་དབོན་པོ་སྟོད་ཁུལ་དུ་མཚོན་ན། ཛ་དྲག་གི་མི་གསོད་པར་ཡོང་གི་ཡོད་ན་ཡང་སྲོག་སྐྱོབ་རོགས་ཞེས་སྐད་རྒྱག་མི་ནུས་པའི་གནས་སྟངས་ཤིག་གི་འོག་གནས་བཞིན་ཡོད་པ་དང་། དགོན་པའི་དགེ་འདུན་པས་གཞུང་གི་དཔོན་རིགས་དང་འབྲེལ་བ་བྱས་པའི་ཉམས་མྱོང་དམིགས་བསལ་མེད་པར་བརྟེན། མི་སྣ་ཁག་ཅིག་ལ་གྱོད་འཛུགས་བྱེད་གཞི་གང་ཡང་མེད་ནའང་། གནས་ཚུལ་གསལ་བཤད་སོགས་བྱེད་ལུགས་མི་ཤེས་པའི་འོག་ནས་མི་སྣ་ཁག་ཅིག་ལ་ས་གནས་ཀྱི་གནས་ཚུལ་ཕྱི་ཕྱོགས་སུ་བཏང་པའི་ཉེས་མིང་འོག་ཉེས་མེད་ཀྱི་ཉེས་པ་ཕོག་སྲིད་པར་ངོས་འཛིན་བྱེད་བཞིན་འདུག་ཅེས་གསུངས་ཀྱི་འདུག་ཀྱང་། དོན་ལ་ཐོག་མར་དབོན་པོ་སྟོད་ཁུལ་གྱི་ས་གནས་དེར་ཞུ་འབོད་ཀྱི་ངོ་རྒོལ་བྱུང་པའི་དངོས་ཡོད་གནས་ཚུལ་རྣམས་དུས་ཐོག་ཏུ་ལམ་སེང་ཕྱི་ཕྱོགས་ལ་མཁོ་སྤྲོད་ཐུབ་པ་དེས་འཛིན་བཟུང་བྱས་པའི་མང་ཚོགས་མང་ཆེ་བ་གློད་བཀྲོལ་ཐོབ་རྒྱུར་ཕན་ཐོགས་བྱུང་ཡོད་པ་རེད་ཅེས་ཀྱང་བརྗོད་བྱུང་།
ཡང་སྡེ་དགེ་ཁུལ་དུ་ཡོད་པའི་མི་སྣ་གཞན་ཞིག་གིས། ས་གནས་ཀྱི་ཉེན་རྟོག་པར་ཡང་རྒྱ་ནག་གཞུང་ཕྱོགས་ནས་ཡིད་ཆེས་བྱེད་ཀྱི་མེད་པར། ཁམས་སྡེ་དགེ་ཁུལ་གྱི་ཉེན་རྟོག་པའི་ཁ་པར་གྱི་བརྡ་རྟགས་ལ་རྒྱ་ནག་གཞུང་གིས་སོ་ལྟ་ཉན་ཞིབ་བྱེད་བཞིན་ཡོད་པ་དང་། ལྷག་པར་དབོན་པོ་སྟོད་ཁུལ་གྱི་མང་ཚོགས་འཛིན་བཟུང་བཀག་ཉར་བྱ་ཡུལ་བཙོན་ཁང་གི་བཙོན་སྲུང་ཉེན་རྟོག་པར་ཡང་སོ་ལྟ་དང་དམ་དྲག་བྱེད་ཀྱི་འདུག་ཅེས་དང་། ད་ལྟའི་ཆར་དབོན་པོ་སྟོད་ཁུལ་དུ་ས་གནས་རྒྱ་ནག་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཀག་བསྐྱིལ་འོག་ཡོད་པའི་ཁོངས་མི་ལྔ་ལས་ལྷག་མེད་པ་བརྗོད་བྱུང་།།

*སྡེ་དགེ་དང་འབྲེལ་བའི་དེའི་སྔོན་གྱི་གནས་ཚུལ་ཁག ཟླ་གཉིས་བའི་ཚེས་༡༤ ཚེས་༢༠ ཚེས་༢༢ ཚེས་༢༤ ཚེས་༢༥ ཚེས་༢༧ ཟླ་གསུམ་པའི་ཚེས་༠༦ ཚེས་༢༥

གསར་འགོད་པ། སྐལ་ལྡན་བློ་གྲོས། བསྟན་འཛིན་པདྨ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་དང་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་གཉིས་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་མཇལ་མོལ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎