རྒྱ་ནག་གཞུང་གིས་བཙན་ཤེད་འོག་གནས་སྤོར་བྱེད་དུ་བཅུག་པའི་བོད་མི་ཚོའི་འཚོ་བར་དཀའ་ངལ་འཕྲད་བཞིན་ཡོད་འདུག

2024.05.21
རྒྱ་ནག་གཞུང་གིས་བཙན་ཤེད་འོག་གནས་སྤོར་བྱེད་དུ་བཅུག་པའི་བོད་མི་ཚོའི་འཚོ་བར་དཀའ་ངལ་འཕྲད་བཞིན་ཡོད་འདུག ལྷ་སའི་ཉེ་འགྲམ་ཀུ་རུམ་ཡུལ་ཚོའི་རོང་མ་གནས་སྤོས་ས་ཁུལ། ༠༤།༠༢།༢༠༢༠
Xinhua

དེ་ཡང་བོད་ནས་རང་ཉིད་ཀྱི་བདེ་འཇགས་ཆེད་མིང་བརྗོད་འདོད་མེད་པ་གནས་སྤོར་བའི་ཁྲོད་ཀྱི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ད་ལྟའི་ཁོང་རྣམ་པའི་འཚོ་བའི་གནས་སྟངས་སྐོར་ངོ་སྤྲོད་གནང་བར་གཞིགས་ན། ༢༠༡༧་ལོར་ནས་བཟུང་རྒྱ་ནག་གཞུང་གིས་འདམ་གཞུང་ནས་འབྲོག་པ་དང་ས་མ་འབྲོག་ཡོངས་རྫོགས་ལྷ་སའི་ཀུ་རུ་ཟམ་པའི་གཡས་གཡོན་དུ་གནས་སྤོར་བྱེད་དགོས་བའི་བརྡ་ལན་སྤྲད་ཡོད་པ་རེད། འོན་ཀྱང་ང་ཚོར་གནས་སྤོར་བྱེད་རྒྱུའི་འདོད་པ་རྩ་བ་ནས་ཡོད་མ་རེད། ཐོག་མ་གནས་སྤོ་རྒྱུ་མིན་ཞེས་ཞུས་ཀྱང་དེ་ལ་རྒྱལ་ཁབ་ཀྱི་བཀའ་ལ་མི་བརྩི་མཁན་རེད་ཟེར་བཞིན་སྐབས་དེར་སྤུན་མཆེད་གསུམ་ཡོད་པ་ཉེན་རྟོག་པས་བཙན་ཁྲིད་ཀྱིས་རྒྱལ་ཁབ་ལ་ངོ་ལོག་ཡིན་ཚུལ་གྱིས་བཀག་ཉར་བྱས་པ་དང་མཉམ་ཁོང་རྣམས་ལ་གཅར་རྡུང་བྱས་རྗེས་ཕྱིར་བཏང་སོང་། ང་ཚོས་རྒྱ་ནག་གཞུང་གི་བཀའ་ལ་མ་བརྩིས་ཐབས་མེད་རེད། མ་ཟད་གནས་སྤོ་དགོས་པའི་དུས་ཚོད་སྤྲད་རྗེས། དེ་སྔོན་ནས་ས་ཞིང་དང་སྒོ་ཕྱུགས་སེམས་ཅན། ར་ལུག་སོགས་ཁེ་བཟང་མེད་པའི་ཐོག་ནས་གློ་བུར་དུ་བཙོང་དགོས་བྱུང་ནས་ད་ལྟ་ང་ཚོ་ལ་གང་ཡང་མེད་པ་ཆགས་སོང་ཞེས་ཚེས་༡༨་ཉིན་བཅར་འདྲིའི་སྐབས་སུ་ངོ་སྤྲོད་གནང་བྱུང་།
ཡང་ཁོང་གིས་མུ་མཐུད་དུ། ང་ཚོ་འདིར་ལྷ་ས་ཁུལ་དུ་གནས་སྤོས་བྱས་རྗེས་སྐྱིད་པོ་རྩ་བ་ནས་མི་འདུག འདིར་རྒྱ་ནག་གཞུང་གིས་སྤྲད་པའི་ཁང་པ་གུ་དོག་པོ་ཡོད་པ་དང་། ཁང་མིག་གཉིས་གསུམ་ཙམ་ནང་ང་ཚོ་མི་གྲངས་༩་དང་༡༠ཙམ་གནས་སྡོད་བྱེད་དུ་བཅུག་ཡོད། མི་འགའ་ཤས་ཕྱིའི་སྒོ་རའི་ནང་གུར་ཕུག་ནས་ཉལ་དགོས་ཀྱི་ཡོད། ཁང་པ་ཆུང་ཆུང་དེའི་ནང་ལ་མི་ཚང་མ་རུབ་རུབ་བྱས་ནས་འཚང་ཀ་ཤིག་ཤིག་ངང་སྡོད་དགོས་དུས་གནས་སྟངས་དེ་ཧ་ཅང་གིས་དཀའ་ལས་ཁག་པོ་འདུག ལྷག་པར་དུ་ཕ་མ་རྒན་རྒོན་རྣམས་འདི་འདྲའི་གནས་སྟངས་འོག་སྡོད་རྒྱུར་སྐུ་ངལ་ཤིན་ཏུ་ཆེ་ཞེས་དང་། ང་ཚོ་འདམ་གཞུང་ལ་ཡོད་པའི་སྐབས་སུ་རང་ས་རང་བདག་གིས་ས་ཞིང་ཐོག་ལ་སོ་སོས་འདེབས་ལས་བྱས་ཏེ་འཚོ་བ་གང་ལེགས་དང་དཀའ་ངལ་གང་ཡང་ཡོད་མ་རེད། ཆུ་རིན་དང་གློག་རིན་ཟེར་བ་གང་ཡང་སྤྲོད་དགོས་མ་རེད། ཡིན་ནའང་ད་ལྟ་ས་གནས་འདི་ལ་གནས་སྤོས་བྱས་རྗེས་སུ་ཆུ་རིན་དང་གློག་རིན་ཚང་མ་སྤྲོད་དགོས་ཀྱི་འདུག་ལ། གཞུང་གིས་ཐོག་མ་རོགས་སྐྱོར་ཡོད་ཚུལ་བཤད་ཀྱང་ས་གནས་སུ་སླེབས་ཚར་རྗེས། སྣུམ་ཏོག་ཙམ་སྤྲོད་པ་ལས་གཞན་གང་ཡང་མི་འདུག ད་ལྟ་ང་ཚོར་གང་ཅིའི་ཐད་ནས་དཀའ་ངལ་ཆེན་པོ་འདུག་ཅེས་བརྗོད་བྱུང་།
ཡང་ཁོང་གིས་མུ་མཐུད་སུ་ངོ་སྤྲོད་གནང་བ་ལྟར་ན། རྒྱ་ནག་གཞུང་གིས་དང་པོ་ལྷ་ས་ལ་གནས་སྤོ་བྱ་དགོས་ཚུལ་བཤད་ཡོད་ཀྱང་དོན་དངོས་ཐོག་ལྷ་ས་མ་ཡིན་པར་དེའི་ཉེ་འགྲམ་དུ་ཡོད་པའི་ཀུ་རུ་ཟམ་པའི་ཁུལ་དུ་གནས་སྤོས་བྱེད་དུ་བཅུག་ཡོད་སྟབས། འདི་གྲོང་ཁྱེར་ནང་ལ་སླེབས་དུས་གྲོང་གསེབ་ཁག་དང་མི་འདྲ་བ་ཚང་མ་ལ་རིན་སྤྲོད་དགོས་པ་ཤ་སྟག་ཡིན་དུས་འགྲོ་གྲོན་ཆེན་པོ་རེད། དེར་བརྟེན་དཀའ་ངལ་ཆེན་པོ་འཕྲད་ཀྱི་འདུག ཡང་ཁོང་གིས་རྒྱ་གཞུང་གིས་འཛུགསྲ་སྐྲུན་ལ་ཁ་གཡར་ནས་ང་ཚོའི་འདམ་གཞུང་ལ་ཡོད་པའི་ས་ཞིང་ཚང་མ་གཞུང་གིས་བདག་བཟུང་བྱས་ཚར་སོང་། འདིར་གྲོང་ཁྱེར་ནང་གི་ཁང་པ་ཐེབས་ཆག་སྡོད་ཐུབ་ཙམ་ཞིག་སྤྲད་བྱུང་། ད་ནི་ཕྱིར་ལོག་ས་མེད་པས་ང་ཚོ་བཟའ་མི་ཚང་མ་དཀའ་ངལ་ནང་ལ་ལྷུང་ཡོད། ང་ཚོ་ཆུང་དུས་ནས་སློབ་སྦྱོང་རག་ཡོད་པ་མ་རེད། ཞིང་ལས་དང་འབྲོག་ལས་ཁོ་ནར་བརྟེན་ནས་འཚོ་བ་སྐྱེལ་ཡོད་པར་བརྟེན་གྲོང་ཁྱེར་ནང་དུ་སླེབས་དུས་ཤེས་བྱ་ཡོན་ཏན་མེད་ན་ལས་ཀ་ཡག་པོ་རག་གིན་མི་འདུག་དེའི་རྐྱེན་པའི་ང་ཚོའི་འཚོ་བ་ལ་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་བཞིན་འདུག་ཅེས་གསུངས་བྱུང་།
ད་དུང་ཁོང་གིས། ང་ཚོ་ཟ་ཁང་སོགས་སུ་ལས་ཀ་འཚོལ་བར་སོང་ཡང་ང་ཚོར་གཙང་སྦྲ་འཕྲོད་བསྟེན་ཡག་པོ་མི་འདུག་ཅེས་ལས་ཀ་སྤྲོད་ཀྱི་མི་འདུག སོ་སོ་རང་ཉིད་རང་མགོ་ཐོན་པའི་ལས་ཀ་རག་རྒྱུ་ཕར་བཞག་གཞན་གྱི་གཡོག་པོ་རྒྱུགས་རྒྱུའི་ལས་ཀ་ཡང་རག་གི་མི་འདུག་ཅེས་དང་། ས་བརྐོ་རྡོ་ལས་གྱི་ལས་ཀ་བྱས་ཀྱང་རྒྱ་སྐད་རྒྱ་ཡིག་ཤེས་མཁན་གྱི་མི་ལས་ང་ཚོ་མི་ཤེས་མཁན་ཚོར་གླ་ཆ་ཉུང་བ་འདུག་པས། ང་ཚོའི་འཚོ་བ་ལ་དཔེ་མ་སྲིད་པའི་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད། དེ་ནི་དངོས་ཡོད་ཀྱི་གནས་སྟངས་རེད། ཡིན་ན་ཡང་གཞུང་ལ་ཡར་ཞུ་ས་གང་ཡང་མི་འདུག ཡར་ཞུ་རྒྱུའི་བསམ་བློ་ཡོད་ཀྱང་གཞུང་གིས་དེ་རིགས་ནི་ཁྲིམས་འགལ་ལ་བརྩིས་ནས་ཞུ་གཏུག་བྱེད་ས་གང་ཡང་མི་འདུག་ང་ཚོ་ནི་མགོན་མེད་སྐྱབས་མེད་ཀྱི་ཉམ་ཐག་པའི་གནས་སུ་གྱར་ཡོད་ཅེས་བརྗོད་བྱུང་།

Satellite imagery showing Sinpori mass resettlement site, December 25, 2020.JPG
ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྲིན་བུ་རིའི་གནས་སྤོ་ས་ཁུལ། ༡༢།༢༥།༢༠༢༠ པར། HRW


དེ་དང་འབྲེལ་ཡོད་ཀྱི་གནས་ཚུལ་ཞིག་ལ་སྤྱི་ལོ་༢༠༢༢ལོར་ནག་ཆུ་ས་ཁུལ་མཚོ་གཉིས་རྫོང་དང་། ཨ་མདོ་རྫོང་། ཉི་མ་རྫོང་བཅས་སུ་འབྲོག་པ་མི་གྲངས་༢༢༦༣༠༤ལྷོ་ཁ་ས་ཁུལ་གོང་དཀར་རྫོང་གི་མངའ་ཁོངས་སྲིན་པོ་རི་ཞེས་པར་གནས་སྤོ་བྱེད་འགོ་ཚུགས་ཡོད་པ་བཞིན། སྐབས་དེར་རྒྱ་ནག་གཞུང་གིས་གནས་སྤོར་མཁན་ཚོར་འཚོ་བའི་གུན་གསབ་སྤྲོད་རྒྱུ་ཡིན་སྐོར་སོགས་བརྗོད་ཡོད་ཀྱང་། གནས་སྤོར་བྱེད་སྐབས་དུད་ཚང་རེར་འགྲོ་གླ་དང་འཚོ་བ་སོགས་ཀྱི་ཆེད། རྒྱ་སྒོར་ཁྲི་གཅིག་རེ་སྤྲད་ཡོད་པ་ལས་གཞན་ཏོག་དབྱིབས་རིམས་ནད་ཁྱབ་གདལ་སྐབས་གནས་སྤོར་ཁྱིམ་ཚང་རེར་ཟླ་བ་རེར་རྒྱ་སྒོར་ཆིག་སྟོང་ཙམ་རེ་སྤྲད་པ་ལས། དེ་ནས་བཟུང་རོགས་སྐྱོར་སོགས་གང་ཡང་བྱས་མེད་པ་དང་། གནས་སྤོར་བྱས་རྗེས་སྲིད་གཞུང་གི་བཀོད་ཁྱབ་བཞིན་སྒོ་ཕྱུགས་སེམས་ཅན་མེད་པ་བཟོས་པ་དང་འཚོ་སྐྱོང་བྱེད་ས་མེད་པ་སོགས་ཀྱིས། ད་ལྟའི་ཆར་ན་གཞོན་མང་པོ་ཞིག་གྲོང་ཁྱེར་སོགས་སུ་ལས་གཉེར་ཆེད་འགྲོ་བཞིན་པ་ལས། ས་གནས་དེ་རང་དུ་འཚོ་གནས་བྱེད་ཐུབ་ཐབས་གང་ཡང་མེད་སྐོར་བརྗོད་བྱུང་ལ། ཡང་འབྲེལ་ཡོད་གཞན་དེས་རོགས་སྐྱོར་གང་ཡང་མེད་པ་དོན་དངོས་བདེན་པ་རེད། གནས་སྤོར་བྱས་རྗེས་བ་ཕྱུགས་སེམས་ཅན་གཅིག་གཉིས་རེ་དང་ཞིང་ས་ཆུང་ཆུང་རེ་སྤྲད་སོང་ན་ཡང་། དེ་ཙམ་ཞིག་གིས་འཚོ་ཐབས་ལ་ཕན་ཐོགས་གང་ཡང་མེད་སྐོར་འབྲེལ་ཡོད་མི་སྣས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཕྱི་ལོ་༢༠༡༦ལོ་ནས་རྒྱ་ནག་གཞུང་འབྲེལ་གྱིས་ལས་གཞི་འདྲ་མིན་ལ་ཁ་གཡར་ནས་འབྲོག་པ་མང་ཚོགས་གནས་སྤོ་ཡི་ལས་གཞི་ཤུགས་ཆེ་རུ་བཏང་བ་དང་། ཕྱི་ལོ་༢༠༢༠ལོ་འབྲོག་པ་གནས་སྤོ་དང་རྩྭ་ས་དོ་དམ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་དགོས་པའི་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད་པས། རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་ལྟར་ན། བོད་ས་ཁྱོན་ཡོངས་སུ་འབྲོག་པ་མང་ཚོགས་ཁྲི་༩གནས་སྤོ་བྱས་ཡོད་པ་མ་ཟད། ཁོ་ཚོར་སྡོད་ཁང་དང་འཚོ་བ་གསར་བ་བྱུང་བས་ཁྱིམ་ཚང་གི་དཔལ་འབྱོར་ཡར་རྒྱས་དང་། བདེ་སྐྱིད་ལྡན་པ་བྱུང་ཡོད་སྐོར་བརྗོད་བཞིན་ཡོད་པ་རེད། འོན་ཀྱང་བོད་ནང་གི་འབྲེལ་ཡོད་བོད་མི་གཞན་དེས། མགོ་ལོག་པདྨ་རྫོང་ནས་ཕྱི་ལོ་༢༠༢༡ལོར་རྩ་ས་གཞུང་བཞེས་ཀྱི་མིང་ཐོག་ནས་དུད་ཁྱིམ་༢༠༠ལྷག་རྫོང་ཐོག་ཏུ་གནས་སྤོར་བྱས་ཡོད་པ་ལས། རྒྱ་ནག་གིས་སྤྲད་པའི་སྡོད་ཁང་དུ་གནས་སྤོར་བྱས་རྗེས། སྡོད་ཁང་དེར་རིན་སྤྲོད་དགོས་བྱུང་ཡོད་པ་མ་ཟད། དབུལ་སྐྱོར་སོགས་ཀྱི་རོགས་དངུལ་གང་ཡང་མེད་པ་དང་། གལ་ཏེ། རྒན་འཁོག་ཡོད་པ་ཡིན་ན་རྒས་གསོ་དང་འཕྲོད་བསྟེན་རོགས་སྐྱོར་ཟླ་རེར་རྒྱ་སྒོར་༣༠༠ཙམ་ལས་སྤྲོད་ཀྱི་མེད་སྐོར་འགྲེལ་བརྗོད་གནང་གི་འདུག
རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བ་གཅིག་པུ་ཙམ་མ་ཡིན་པར། བོད་ཀྱི་ས་ཁུལ་གང་ས་ནས་ཞིང་འབྲོག་མང་ཚོགས་འབོར་ཆེན་གནས་སྤོར་དང་། གཅིག་སྡུས་ལས་གཞི་ཟེར་བ་སོགས་ཀྱི་ལས་འཆར་སྤེལ་བཞིན་ཡོད་པ་ལྟར། འབྲེལ་ཡོད་བོད་མི་གཞན་ཞིག་ནས་བོད་ནང་གི་ཉག་ཆུ་རྫོང་དང་ལི་ཐང་རྫོང་སོགས་ནས་ཁ་འཐོར་དུ་ཡོད་པའི་འབྲོག་པ་ཚོ་གྲོང་ཚོ་གཅིག་གི་ནང་མཉམ་དུ་སྡོད་དགོས་སྐོར་བརྗོད་ནས། མཉམ་ལས་ཁང་ཞེས་པ་ཞིག་ཆེད་དུ་བཟོས་ཏེ་བོད་མི་ཚོར་ཉིན་ལྟར་ཚོགས་འདུ་འཚོགས་ནས། སྲིད་གཞུང་གི་ཆབ་སྲིད་སློབ་གསོ་སྤྲོད་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་། ཡང་འབྲེལ་ཡོད་བོད་མི་གཞན་ཞིག་ནས་རྒྱ་ནག་གཞུང་གིས་རྔ་བ་ཁུལ་མཛོད་དགེ་རྫོང་དུ་མེ་ཏོག་མཚོ་ཞེས་པའི་རྩྭ་ཐང་གི་མཚོ་མོ་ཆེན་པོ་ཞིག་ཡོད་པ་དེར་ཡུལ་སྐོར་བ་ཡོང་ཆེད་འཛུགས་སྐྲུན་སྣ་ཚོགས་བྱས་ཏེ། ཉེ་འཁོར་གྱི་འབྲོག་པ་ཚོ་བཙན་ཐབས་ཀྱིས་གནས་སྤོར་བྱས་པ་མ་ཟད། གནས་སྤོར་བཏང་བའི་འབྲོག་པ་ཚོར་ཀུན་གསབ་ཆེད་རྒྱ་སྒོར་༡༠༠༠་རེ་ལས་སྤྲད་མེད་པ་མ་ཟད། གནས་སྤོར་མི་བྱེད་མཁན་ཡོད་ན་འཛིན་བཟུང་བྱ་རྒྱུ་ཡིན་པའི་འཇིགས་སྐུལ་སོགས་བྱས་ཡོད་པ་འགྲེལ་བརྗོད་གནང་གི་འདུག
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ད་ལྟ་རྒྱ་ནག་གཞུང་གིས་འགྲེམས་སྤེལ་བཀག་བསྡོམས་བྱས་ཡོད་པ། བོད་ནང་གི་རྩོམ་པ་པོ་ཞིག་གིས་རྒྱ་ནག་གཞུང་གིས་འབྲོག་མང་གནས་སྤོ་དང་། རྩྭ་ས་གཞུང་བཞེས་སོགས་ཀྱིས་འབྲོག་པ་མང་ཚོགས་ལ་དཀའ་ངལ་ཤུགས་ཆེར་འཕྲད་བཞིན་པའི་ཐད་ཆེད་དུ་བྲིས་པའི་དཔེ་དེབ་ཅིག་ལག་སོན་བྱུང་བའི་ནང་། འབྲོག་པ་ཚོར་བཙན་གྱིས་རྩྭ་ཐང་འཕྲོ་བརླག་ཏུ་འགྲོ་བཞིན་ཡོད་སྐོར་བརྗོད་ནས། ཁྱིམ་ཚང་རེ་རེ་བྱས་ཏེ་རྩྭ་ས་གང་ཞིག་ཏུ་སྒོ་ཕྱུགས་གཏོང་མི་ཆོག་པ་སོགས་ཀྱི་ས་མཚམས་བཟོས་རྐྱེན། འབྲོག་པ་ཚོར་སྒོ་ཕྱུགས་འཚོ་སའི་ས་ཆ་ཆུང་ཆུང་རེ་ལས་མེད་པ་དང་། དེ་ལས་གཞན་ལ་བཏང་བ་ཡིན་ན་ཉེས་ཆད་གཅོད་པ་སོགས། འབྲོག་པ་ཚོའི་རྩྭ་སར་ཚོད་འཛིན་གྱིས་མཐར་འབྲོག་པ་ཚོས་སེམས་ཅན་མེད་པ་མི་བཟོ་ཐབས་མེད་བྱུང་གི་ཡོད་པ་དང་། སེམས་ཅན་མེད་པ་བཟོ་མཁན་ཚོར་སྡོད་ཁང་རེ་སྤྲོད་བཞིན་ཡོད་ཀྱང་སྡོད་ཁང་སྤྲད་རྗེས་ག་དུས་ཡིན་ན་ཚོགས་འདུ་ཚོགས་དགོས་པ་སོགས་བསུན་གཙེར་རྐྱང་བཟོ་བཞིན་སྐོར་བྲིས་འདུག
གོང་བརྗོད་བོད་ནང་གི་རྩོམ་པ་པོ་ཞིག་གིས་འབྲོག་པ་གནས་སྤོ་དང་། རྩྭ་ས་གཡོ་འཕྲོག་བྱེད་བཞིན་པ། དེ་བཞིན་ས་གནས་མགོ་ཁྲིད་ཚོའི་བྱེད་སྟངས་དང་ངན་ལས་བྱེད་བཞིན་པ་སོགས་ཀྱི་སྐོར་ནས་དེབ་ཅིག་དཔར་བསྐྲུན་བྱས་ཡོད་པ་རྒྱ་ནག་གཞུང་གིས་ཕྱིར་བསྡུ་དང་རྗེས་སུ་འགྲེམས་སྤེལ་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་རེད།

ཕྱི་ཟླ་༥བའི་ཚེས་༢༡ཉིན་ཨ་རིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཤོག་གྲངས་བདུན་ཅུ་ཡོད་པའི་སྙན་ཐོ་གསར་པ་ཞིག་འདོན་སྤེལ་གནང་བའི་ནང་། རྒྱ་ནག་གཞུང་གིས་བཙན་ཤེད་ཀྱི་ཐོག་ནས་བོད་ནང་གི་བོད་མི་རྣམས་མི་རབས་མང་པོར་འཚོ་སྡོད་བྱེད་སའི་རང་ས་ནས་ས་གནས་གཞན་དུ་གནས་སྤོར་བྱས་དང་བྱེད་འཇུག་བཞིན་པའི་གནས་སྟངས་ཐེར་འདོན་གནང་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས། རྒྱ་ནག་གཞུང་གིས་བཙན་ཤེད་ཀྱིས་བོད་མི་འབོར་ཆེན་གནས་སྤོར་བྱེད་དུ་བཅུག་སྟེ། དབུལ་ཕོངས་སྐྱོབ་གསོ་དང་ཁོར་ཡུག་སྲུང་སྐྱོབ་ཟེར་བའི་སྲིད་ཇུས་ནོར་འཁྲུལ་ཅན་གྱི་འོག་བོད་ཀྱི་གནའ་བོའི་རིག་གཞུང་དང་འཚོ་རྟེན་རྩ་མེད་བཟོ་བཞིན་ཡོད། རྒྱ་ནག་གིས་བོད་བཙན་བཟུང་མ་བྱས་བའི་སྔོན་བོད་མི་རྣམས་བོད་མཐོ་སྒང་དུ་ལོ་ངོ་སྟོང་ཕྲག་མང་པོའི་རིང་ལ་འཚོ་སྡོད་བྱས་ཡོད་པས། བོད་མི་རྣམས་ལ་མཚོན་ན་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་དང་འཚོ་བ་སྐྱེལ་སྟངས་ལེགས་ཤོས་དེ་ཡིན་ན་ཡང་རྒྱ་ནག་གི་སྲིད་ཇུས་དེས་བོད་མི་རྣམས་བོད་མཐོ་སྒང་གི་འཚོ་རྟེན་ལེགས་ཤོས་དེ་དང་ཁ་བྲལ་གཏོང་བཞིན་པ་ཐེར་འདོན་གནང་འདུག


གསར་འགོད་པ། བློ་བཟང་ཆོས་འཕེལ། དཔལ་འབར། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ཡོང་སྐབས་དྲག་ཆས་དམག་གིས་སོ་ལྟ་དང་ཞིབ་བཤེར་དམ་དྲག་ཤུགས་ཆེར་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཆིབས་སྒྱུར་གནང་པའི་ཕེབས་ལམ་དུ་༧སྐུ་ངལ་གསོ་ཆེད་སུད་སི་གྲོང་ཁྱེར་ཛུ་རིག་ཏུ་ཞབས་སོར་བདེ་བར་འཁོད་ཡོད།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎