རྒྱ་ནག་གཞུང་གིས་བཙན་ཤེད་ཀྱིས་བོད་མི་རྣམས་ས་གནས་གཞན་དུ་གནས་སྤོར་བྱེད་དུ་འཇུག་བཞིན་པ་ཐེར་འདོན་གནང་འདུག

2024.05.21

ཕྱི་ཟླ་༥བའི་ཚེས་༢༡ཉིན་ཨ་རིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཤོག་གྲངས་བདུན་ཅུ་ཡོད་པའི་སྙན་ཐོ་གསར་པ་ཞིག་འདོན་སྤེལ་གནང་བའི་ནང་། རྒྱ་ནག་གཞུང་གིས་བཙན་ཤེད་ཀྱི་ཐོག་ནས་བོད་ནང་གི་བོད་མི་རྣམས་མི་རབས་མང་པོར་འཚོ་སྡོད་བྱེད་སའི་རང་ས་ནས་ས་གནས་གཞན་དུ་གནས་སྤོར་བྱས་དང་བྱེད་འཇུག་བཞིན་པའི་གནས་སྟངས་ཐེར་འདོན་གནང་འདུག
སྙན་ཐོའི་ནང་། སྤྱི་ལོ་༢༠༡༦ལོ་ནས་བཟུང་རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ལས་བྱེད་པ་ཚོས་བོད་ནང་གི་གྲོང་གསེབ་༥༠༠ལྷག་ཙམ་གྱི་བོད་མི་༡༤༠༠༠༠ཙམ་མི་རབས་མང་པོར་འཚོ་སྡོད་བྱེད་སའི་རང་ས་ནས་རྒྱང་ཐག་སྤྱི་ལེ་བརྒྱ་ཕྲག་མང་པོའི་སར་གནས་སྤོར་བྱེད་དུ་འཇུག་བཞིན་ཡོད་པ་དང་། སྙན་ཐོ་དེ་ཕྱི་ལོ་༢༠༡༦་ནས་༢༠༢༣བར་རྒྱ་ནག་གཞུང་གིས་བོད་ནང་གནས་སྤོར་ལས་གཞི་སྤེལ་བའི་རྒྱ་ནག་གཞུང་གི་ཡིག་ཆ་༡༠༠༠ལྷག་ལ་ཁུངས་གཏུགས་ནས་ཉམས་ཞིབ་བྱས་བ་དང་། བོད་ནང་དངོས་སུ་ལས་དོན་སྒྲུབ་མཁན་ཆེད་ལས་པ་ཚོའི་སྙན་ཐོ་བཅས་ལ་བལྟས་ནས་འདོན་སྤེལ་གནང་བ་ཞིག་རེད་འདུག
དེའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཨེ་ཤེ་ཡའི་མངའ་ཁུལ་གྱི་འགན་འཛིན་(Elaine Pearson)་ལགས་ཀྱིས་བོད་མི་རྣམས་བཙན་ཤེད་ཀྱིས་གནས་སྤོར་བྱེད་བཞིན་ཡོད་པ་དེ་བོད་མི་རྣམས་ལ་སྡོད་གནས་ས་ཆ་དང་འཚོ་རྟེན་གྱི་འབྲེལ་བ་ཟབ་མོ་ཡོད་པས། དམིགས་བསལ་གྱིས་སེམས་ཚབས་བྱེད་དགོས་པ་ཞིག་དང་། གལ་སྲིད། བོད་མི་རྣམས་ལ་འདོད་པ་མེད་བཞིན་དུ་བཙན་ཤེད་ཀྱིས་གནས་སྤོར་བྱེད་དུ་བཅུག་ན་བོད་མིའི་འཚོ་རྟེན་བརླག་འགྲོ་བཞིན་ཡོད་སྐོར་ནན་བརྗོད་གནང་སོང་།
ད་དུང་ཁོང་གིས་མི་མང་པོ་བཙན་ཤེད་ཀྱིས་གནས་སྤོར་བྱེད་དགོས་པའི་གནས་ཚུལ་ནི་རྒྱ་ནག་རྒྱལ་ཡོངས་སུ་འབྱུང་གི་ཡོད་པ་ལས་བོད་ནང་ཁོ་ནར་བྱུང་བཞིན་པ་ཞིག་མིན་ཀྱང་། བོད་མི་རྣམས་ལ་སྡོད་གནས་ས་ཆ་དང་རང་གི་འཚོ་ཐབས་ལ་འབྲེལ་བ་དམ་ཟབ་ཡོད་པས་བཙན་ཤེད་ཀྱིས་གནས་སྤོར་བྱས་ན་དེ་དག་བརླག་འགྲོ་བས་བོད་མི་རྣམས་ལ་དམིགས་བསལ་གྱིས་དཀའ་ངལ་འཕྲད་བཞིན་པས་ན་སེམས་ཚབས་ཆེན་པོ་བྱེད་དགོས་པ་ཞིག་ཡིན་ཚུལ་འགྲེལ་བརྗོད་གནང་སོང་།
ད་དུང་ཁོང་གིས་རྒྱ་ནག་གཞུང་ཕྱོགས་ནས་འདི་ནི་དབུལ་ཕོངས་ཀྱི་དཀའ་ངལ་སེལ་ཐབས་ཤིག་ཡིན་པ་དང་། ས་ཁུལ་འདི་ཚོ་ནི་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་མེད་པ་ཞིག་ཡིན་པས། བོད་མི་རྣམས་གནས་སྤོར་བྱས་ནས་འཚོ་བ་ཡར་རྒྱས་གཏོང་གི་ཡོད་ཚུལ་འགྲེལ་བརྗོད་བྱེད་བཞིན་ཡོད་ཀྱང་། དོན་དངོས་ཐོག་དེ་ལྟར་བྱུང་མེད་པའི་རྒྱུ་མཚན་ནི། བོད་མི་མང་པོ་ཞིག་ནི་འབྲོག་པ་དང་ཞིང་པ་ཡིན་པ་དང་། ཁོ་ཚོ་མི་རབས་ནས་མི་རབས་བར་སྒོ་ཕྱུགས་དང་ས་ཞིང་ལ་བརྟེན་ནས་འཚོ་གནས་བྱས་ནས་ཡོང་བ་ཡིན་དུས། གློ་བུར་དུ་གྲོང་ཁྱེར་དང་འདྲ་བའི་ས་ཁུལ་དུ་གནས་སྤོར་བྱས་ཚེ་རྒྱ་སྐད་མི་ཤེས་བ་དང་། ལག་ཤེས་མེད་པའི་རྐྱེན་གྱིས་འཚོ་ཐབས་ཀྱི་ལས་ཀ་མ་རག་པ་སོགས་ཐ་ན་ཉིན་རེའི་འཚོ་བར་ཡང་དཀའ་ངལ་མང་དག་ཞིག་འཕྲད་ཀྱི་ཡོད་པ་གསུངས་གནང་སོང་།

HRW report Tibet.png
སྤྱིར་རྒྱ་ནག་གཞུང་གིས་བོད་ནང་གི་ས་ཁུལ་གང་སར་འཛུགས་བསྐྲུན་གྱི་རྣམ་གྲངས་འདྲ་མིན་སྤེལ་བཞིན་པའི་འོག་ས་གནས་རྒྱ་ནག་གི་འགོ་ཁྲིད་ལས་བྱེད་ཚོས་ས་གནས་བོད་མིའི་ས་ཆ་བདག་བཟུང་བྱེད་པ་དང་། ས་གནས་བོད་མི་ས་གནས་གཞན་དུ་གནས་སྤོར་བྱེད་བཅུག་པ་སོགས་ཀྱི་སྐབས། ས་གནས་བོད་མི་ཚོས་དེར་འདོད་པ་མེད་པའི་པའི་རྣམ་འགྱུར་བསྟན་པ་དང་། ཞུ་འབོད་ལས་འགུལ་སྤེལ་བ། གུན་གསབ་ཚད་ལྡན་སྤྲོད་ཀྱི་མེད་པ་སོགས་ཀྱི་ཞུ་འབོད་དང་ཡར་ཞུ་བྱས་ཀྱང་དོན་འབྲས་གང་ཡང་ཐོན་གྱི་མེད་པ་རེད། མ་ཟད་ད་དུང་གནས་སྟངས་དེ་འདྲའི་སྐབས་ས་གནས་རྒྱ་ནག་གི་ལས་བྱེད་འགོ་ཁྲིད་དང་། བདེ་སྲུང་ཉེན་རྟོག་པ་ཚོས་ས་གནས་བོད་མི་ཞི་རྒོལ་བ་ཚོར་དྲག་ཤུགས་བེད་སྤྱོད་ཀྱིས་དྲག་གནོན་བྱས་བའི་གནས་ཚུལ་ཡང་སེ་ཡོང་བཞིན་པ་མ་ཟད། བོད་མི་ཚོར་རྨས་སྐྱོན་ཕོག་པ་དང་འཛིན་བཟུང་བྱས་བའི་གནས་ཚུལ་ཡང་བྱུང་ཡོད་པས། རྒྱ་ནག་གཞུང་གི་བྱ་སྤྱོད་དེའི་འོག་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པ་སོགས་བོད་ནང་གི་བོད་མིའི་དཀའ་སྡུག་ཇེ་ཆེར་གཏོང་བཞིན་པ་སྙན་ཐོའི་ནང་བཀོད་འདུག
མཐའ་དོན་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་འགྲོ་བསྐྱོད་དང་གནས་ཚུལ་རྒྱུས་ལོན་བྱེད་པའི་གོ་སྐབས་རྒྱ་ནག་གཞུང་གིས་སྤྲོད་ཀྱི་མེད་པ་དང་། ཕྱི་ཕྱོགས་ནས་བོད་ནང་གི་བོད་མི་དང་དངོས་སུ་འབྲེལ་བ་བྱས་ནས་གནས་ཚུལ་བསྡུ་རུབ་བྱེད་རྒྱུ་ཁག་པོ་ཡིན་པས། ད་རེས་ཀྱི་སྙན་ཐོ་འདི་བརྒྱུད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་བོད་ཐེ་བའི་རྒྱ་ནག་གི་ས་ཁུལ་གང་སར་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ཐད་རང་དབང་ལྡན་པའི་ཞིབ་འཇུག་གནང་འགོ་འཛུགས་དགོས་བའི་ནན་བརྗོད་གནང་སོང་།
འདི་ཚེས་༡༨་ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བོད་ནང་གནས་སྤོར་གྱི་ལས་གཞིའི་ཁྲོད་ད་སྐབས་དཀའ་ངལ་འཕྲད་བཞིན་པའི་བོད་མི་མིང་བརྗོད་འདོད་མེད་པ་ཞིག་ལ་བཅར་འདྲི་ཞུས་སྐབས། ཁོང་གིས་ལོ་ངོ་༧ཙམ་གྱི་སྔོན་འདམ་གཞུང་ནས་ལྷ་སའི་ཀུ་རུ་ཟམ་པའི་གཡས་གཡོན་དུ་རྒྱ་གཞུང་གིས་བཙན་སྐུལ་གྱིས་གནས་སྤོས་བྱེད་དུ་བཅུག་པའི་བོད་པའི་ཁྱིམ་ཚང་དེ་དག་གི་ད་ལྟའི་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་བཞིན་པ སོགས་ངོ་སྤྲོད་གནང་ཡོད།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས། རྒྱ་ནག་གཞུང་གིས་བཙན་ཤེད་ཀྱིས་བོད་མི་འབོར་ཆེན་གནས་སྤོར་བྱེད་དུ་བཅུག་སྟེ། དབུལ་ཕོངས་སྐྱོབ་གསོ་དང་ཁོར་ཡུག་སྲུང་སྐྱོབ་ཟེར་བའི་སྲིད་ཇུས་ནོར་འཁྲུལ་ཅན་གྱི་འོག་བོད་ཀྱི་གནའ་བོའི་རིག་གཞུང་དང་འཚོ་རྟེན་རྩ་མེད་བཟོ་བཞིན་ཡོད། རྒྱ་ནག་གིས་བོད་བཙན་བཟུང་མ་བྱས་བའི་སྔོན་བོད་མི་རྣམས་བོད་མཐོ་སྒང་དུ་ལོ་ངོ་སྟོང་ཕྲག་མང་པོའི་རིང་ལ་འཚོ་སྡོད་བྱས་ཡོད་པས། བོད་མི་རྣམས་ལ་མཚོན་ན་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་དང་འཚོ་བ་སྐྱེལ་སྟངས་ལེགས་ཤོས་དེ་ཡིན་ན་ཡང་རྒྱ་ནག་གི་སྲིད་ཇུས་དེས་བོད་མི་རྣམས་བོད་མཐོ་སྒང་གི་འཚོ་རྟེན་ལེགས་ཤོས་དེ་དང་ཁ་བྲལ་གཏོང་བཞིན་པ་ཐེར་འདོན་གནང་འདུག


གསར་འགོད་པ། བསྟན་འཛིན་བདེ་སྐྱིད། ཀླུ་འབུམ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་སྲུང་ཟུར་པ་༢༨༠ལྷག་ལ་མཇལ་ཁ་སྩལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་གསང་བའི་ལས་ཁུངས་ཀྱིས་དེ་སྔ་བོད་དམག་ཚོར་གསང་བའི་དམག་སྦྱོང་སྤྲོད་ཡུལ་དངོས་རྩད་ཆོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎