རྒྱ་ནག་གཞུང་གིས་ཡུ་གུར་གྱི་མཁས་པ་བུད་མེད་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་འདུག

2023.09.22
རྒྱ་ནག་གཞུང་གིས་ཡུ་གུར་གྱི་མཁས་པ་བུད་མེད་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་འདུག ཤིན་ཅིང་ངམ་ཤར་ཏུར་ཀིསུ་ཐན་གྱི་ཡུ་གུར་ཁ་ཆེའི་མི་རིགས་ཡིན་པའི་མཁས་པ་ལྕམ་(Rahile Dawut)་ལགས། ༼ཟླ་ཚེས་མི་གསལ
Twitter pictures

དེ་ཡང་ཕྱི་ལོ་༢༠༡༧་ལོར་གར་སོང་ཆ་མེད་དུ་གྱུར་བའི་ཤིན་ཅིང་ངམ་ཤར་ཏུར་ཀིསུ་ཐན་གྱི་ཡུ་གུར་ཁ་ཆེའི་མི་རིགས་ཡིན་པའི་མཁས་པ་ལྕམ་(Rahile Dawut)་ལགས་སུ། རྒྱ་ནག་གཞུང་གིས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ནས་བཙོན་འཇུག་འོག་ཡོད་པ་ཨ་རིའི་ནང་རྟེན་གཞི་བྱས་བའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་རེས་གཟའ་ཕུར་བུའི་ཉིན་བསྒྲགས་ཡོད་པ་དང་། གནས་ཚུལ་ནང་། རྒྱ་ནག་གཞུང་གིས་ཤར་ཏུར་ཀིསུ་ཐན་གྱི་ཡུ་གུར་ཁ་ཆེའི་མི་རིགས་ཡིན་པའི་མཁས་པ་ལ་སོགས་པའི་ཐོག་དེ་སྔ་ནས་དྲག་གནོན་བྱེད་བཞིན་ཡོད་པ་ལྟར། ཡུ་གུར་གྱི་རིག་གཞུང་སོགས་ཀྱི་ཐད་མཁས་པ་ལྕམ་(Rahile Dawut)་ལགས་ཕྱི་ལོ་༢༠༡༧་ལོར་གར་སོང་ཆ་མེད་དུ་གྱུར་བ་དང་། ཕྱི་ལོ་༢༠༡༨་ལོའི་ཕྱི་ཟླ་༡༢་པའི་ནང་ཁོང་གིས་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་བྱས་པའི་ཉེས་མིང་འོག་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་རྗེས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་གིས་ཁྲིམས་ཐག་དེ་དྲང་བདེན་མ་ཡིན་པའི་ཞུ་གཏུགས་གནང་ན་ཡང་དོན་འབྲས་མ་སོན་པར་ལྷག་ཡོད་པ་བརྗོད་འདུག
ཨ་མི་རི་ཀའི་ནང་རྟེན་གཞི་བྱས་བའི་(Dui Hua Foundation)་ཞེས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས། གོང་ཞུས་ཤར་ཏུར་ཀིསུ་ཐན་གྱི་ཡུ་གུར་ཁ་ཆེའི་མི་རིགས་ཡིན་པ་ལྕམ་(Rahile Dawut)་ལགས་ཀྱི་གནད་དོན་སྐོར་རྒྱ་ནག་གཞུང་ལ་འདྲི་རྩད་སོགས་ལོ་མང་རིང་གནང་ཡང་ད་བར་ལན་འདེབས་སོགས་གང་ཡང་བྱུང་མེད་པ་དང་། ད་ལྟ་གནས་ཚུལ་གསར་ཤོས་དེ་ནི་ཤིན་ཅང་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་མི་དམངས་མཐོ་རིམ་ཁྲིམས་ཁང་ཟེར་བས། ཁོང་ལ་ཁྲིམས་ཐག་བཅད་པ་དེའི་ཐོག་ཡང་བསྐྱར་ཞུ་གཏུགས་གནང་ཡོད་པར་ཁྲིམས་ཁང་གིས་ཁས་ལེན་མ་བྱས་པ་ཤེས་རྟོགས་བྱུང་སྐོར་རྒྱ་ནག་གཞུང་གི་གནས་ཚུལ་འབྱུང་ཁུངས་ཤིག་ལུང་འདྲེན་བྱས་ནས་གསུངས་འདུག
སློབ་དཔོན་(Rahile Dawut)་ལགས་ལ་ལོ་མང་རིང་བཙོན་འཇུག་བྱས་པའི་གནས་ཚུལ་གོ་ཐོས་བྱུང་ཡང་། ད་རེས་ཨ་རིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་གིས་ཁོང་ལ་ཚེ་བཙོན་གྱི་ཉེས་ཆད་བཏང་བ་རྒྱ་ནག་གཞུང་གི་གནས་ཚུལ་འབྱུང་ཁུངས་ཞིག་ལུང་འདྲེན་གནང་སྟེ་ངེས་གཏན་བཟོས་པ་ཐེངས་དང་པོ་དེ་ཡིན་འདུག
ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་ནང་རྟེན་གཞི་བྱས་བའི་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་འཆར་འགན་འཛིན་(Omer Kanat)་ལགས་ཀྱིས་དེ་ནི་ཧ་ཅང་ཡིད་སྐྱོ་བ་དང་ཉེན་ཚབས་ཆེ་བའི་གནས་ཚུལ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་བ་དང་། རང་གི་མི་རིགས་ལ་བྱམས་དང་སྙིང་རྗེའི་སྒོ་ནས་ཞབས་ཞུ་བསྒྲུབ་མཁན་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་དེ་ནི་དོན་དངོས་ཐོག་ཁོང་ཁྲོ་དྲག་པོ་སློང་གཞི་ཞིག་ཡིན་པ་འགྲེལ་བརྗོད་ཀྱང་གནང་འདུག
ལྕམ་(Dawut)་ལགས་ཀྱིས་གྲངས་ཉུང་མི་རིགས་ཀྱི་དམངས་ཁྲོད་ཀྱི་གོམས་གཤིས་ཐོག་ཞིབ་འཇུག་གནང་སའི་མཐོ་སློབ་གཅིག་གསར་འཛུགས་དང་། དེའི་འགན་འཛིན་གནང་མྱོང་ཡོད་པ་མ་ཟད། དབུས་ཨེ་ཤེ་ཡའི་ནང་གི་ཁ་ཆེའི་གནས་ས་ཁག་གི་སྐོར་ཕྱག་དེབ་མང་པོ་ཐེ་བའི་རྒྱལ་སྤྱིའི་དུས་དེབ་ཁག་ནང་དཔྱད་རྩོམ་མང་པོ་བྲིས་གནང་སྟེ། འཛམ་གླིང་ནང་གི་ཚོགས་ཆེན་མང་པོའི་ཐོག་དེ་དག་སྐོར་སྙན་སྒྲོན་ཞུ་མྱོང་ཡང་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཡུ་གུར་སྡེ་ཚན་གྱིས་གནས་ཚུལ་སྤེལ་ཡོད་པ་རེད།


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་མཆོག་འདི་ཚེས་༢༢ཉིན་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་མཛད་ཀྱི་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ཀར་ཎ་ཀྲ་ཀ་མངའ་སྡེའི་རྫོང་ཁག་གི་བློན་ཆེན་ལ་རྒྱ་གར་དབུས་སའི་གཞུང་ནས་བོད་མིར་རྒྱབ་སྐྱོར་མཐུན་གྲོགས་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎