ཕི་ལི་པིནསི་དང་རྒྱ་ནག་དབར་སླར་ཡང་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་གི་ཉ་པ་ཚོ་དང་མཉམ་འཁོན་འཁྲུགས་བྱུང་ཡོད་འདུག

2024.04.06
ཕི་ལི་པིནསི་དང་རྒྱ་ནག་དབར་སླར་ཡང་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་གི་ཉ་པ་ཚོ་དང་མཉམ་འཁོན་འཁྲུགས་བྱུང་ཡོད་འདུག
ཨེ་ཨེཕ་པི།

རྩོད་རྙོག་ཅན་གྱི་ལྷོ་རྒྱ་ནག་རྒྱ་མཚོའི་ནང་ཉ་པ་འགྲུལ་བཞུད་བྱེད་པའི་གནད་དོན་ཐོག་ནས་ཕི་ལིན་པིནསི་ཀྱིས། ཁོང་ཚོའི་ཉ་པ་ཚོར་བདག་དབང་ཡོད་པའི་རྒྱས་བཅད་ས་ཐིག་ནང་དུ་རྒྱ་ནག་གི་མཚོ་གྲུའི་ལས་དོན་གཉེར་མཁན་ཚོས་བསུན་བརྩེར་བཟོས་ཡོད་ལུགས་སྐྱོན་འཛུགས་བྱས་འདུག་པ་དང་། རྒྱ་ནག་གིས་ཕི་ལི་པིནསི་ཀྱི་ཉ་པ་ཚོས་ཁྲིམས་འགལ་གྱི་ལས་དོན་སྤེལ་གྱི་ཡོད་ལུགས་ཕྱིར་སྐྱོན་འཛུགས་བྱས་ཡོད་འདུག
སྤྱིར་བཏང་རང་འབྱུང་གཏེར་དངོས་ཀྱི་ཕྱུག་པའི་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་གི་བདག་དབང་ཆ་ཚང་རྒྱ་ནག་ལ་ཡོད་ལུགས་བཤད་བཞིན་པ་མ་ཟད་ཉེ་འཁོར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ས་གཞི་མང་པོའི་ཐོག་བདག་དབང་འཐབ་རྩོད་གླེང་བྱེད་མཁན་ཕི་ལི་པིནསི་དང་། ཝེཡཏ་ནམ། མ་ལེ་ཤེ་ཡ། ཨིན་ཌོ་ནེ་ཤེ་ཡ། བྷུརཱནཡེ་བཅས་ཀྱི་རྒྱལ་ཁབ་ཚོའི་གྲུ་གཟིངས་དང་ཉ་པ་ཚོའི་འགྲུལ་བཞུད་དང་ཚོང་ལས་གཉེར་ཕྱོགས་ཐད་ལ་སྡིག་ར་ཡང་ཡང་སྐུལ་གྱི་ཡོད་འདུག་ལ། རྒྱལ་སྤྱིའི་འབྲེལ་ཡོད་ཁྲིམས་ཁང་ལ་གཏུགས་བཤེར་བྱས་ཡོད་ཀྱང་ཕྱི་ལོ་ ༢༠༡༦ ལོར་ཁྲིམས་ཁང་དེས་རྒྱ་ནག་གི་བདག་དབང་རྩོད་གཞི་དེར་ཁྲིམས་ཐོག་ནས་བདག་དབང་ཡོད་པའི་ར་འཕྲོད་གང་ཡང་མི་འདུག་ཅེས་བརྗོད་དེ་ངོས་ལེན་གནང་མེད་པ་རེད།
ཕི་ལི་པིནསི་ཀྱིས་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་གི་ཁོངས་སུ་གཏོགས་པའི་Spratly Island མཚོ་གླིང་དེའི་བདག་དབང་རྩོད་བཞིན་ཡོད་པ་དང་། དེ་སྔ་དང་མི་འདྲ་བར་དེང་སང་རྒྱ་མི་དང་ཝེཏ་ནམ་གྱི་ཉ་པ་ཚོས་ས་གཞི་དེའི་སྟེང་ཁྲིམས་འགལ་གྱི་ཐོག་ནས་འབར་རྫས་སོགས་བེད་སྤྱོད་བཏང་ཡོད་པ་མ་ཟད། འགྲུལ་བཞུད་བྱེད་མཁན་ཚོའི་ཐོག་ལའང་བསུན་བརྩེར་བཟོ་བཞིན་པ་དེས་ཕི་ལི་པིནསི་ཀྱི་མཚོའི་ཉ་ཟིན་ནས་འཚོ་བ་བསྐྱལ་མཁན་ཚོར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་ལུགས་འདི་ག་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱང་བསྲིངས་ཞུ་ཡུལ་ས་གནས་ཁྱབ་ཁོངས་བྷེ་ནར་གསར་ལས་ཁང་ལ་ཕི་ལི་པིནསི་ཀྱི་ཉ་པ་ཞིག་གིས་འགྲེལ་བརྗོད་བྱས་ཡོད་འདུག
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎