རྩོམ་པ་པོ་རོང་བོ་དགེ་འདུན་ལྷུན་གྲུབ་ལགས་བཙོན་འཇུག་དུས་ཡུན་ཚང་ནས་གློད་གྲོལ་བཏང་ཡོད་འདུག
ཕྱི་ལོ་༢༠༢༤ ལོའི་ཕྱི་ཟླ་ ༡༡ ཚེས་ ༩ ཉིན། བོད་ཀྱི་སྙན་ངག་པ་དང་རྩོམ་པ་པོ་རོང་བོ་དགེ་འདུན་ལྷུན་གྲུབ་བམ་སྨྱུག་མིང་ལ་ལྷམ་ཀོག་ལགས་སུ་གསང་བའི་ངང་། ལོ་ངོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་དུས་ཡུན་ཚང་རྗེས་གློད་གྲོལ་བཏང་ཡོད་ན་ཡང་། ད་ལྟའི་ཆར་ཁོང་གློད་གྲོལ་ཐོབ་ཡོད་པ་ཙམ་ལས་དམ་དྲག་དང་ཞིབ་བཤེར་འོག་ཏུ་ཡོད་སྟབས། ཁོང་གི་འཕྲོད་བསྟེན་གནས་བབ་གཙོའི་ཞིབ་ཕྲའི་གནས་སྟངས་སོགས་ཤེས་རྟོགས་དང་གསལ་བཤད་བྱེད་ཐབས་མི་བདེ་བ། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
རོང་བོ་དགེ་འདུན་ལྷུན་གྲུབ་ལགས་ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༡༢ ནང་། རྒྱ་ནག་གཞུང་གིས་རྒྱུ་མཚན་སོགས་གསལ་ཁ་གང་ཡང་མེད་པར་གློ་བུར་འཛིན་བཟུང་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད་ལ། རྗེས་སུ་ཕྱི་ལོ་༢༠༢༡ལོའི་ཟླ་༡༢བའི་ཚེས་༡ཉིན་ཟི་ལིང་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། ཁོང་ལ་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་ཞེས་བའི་ཉེས་མིང་འོག་ལོ་བཞིའི་བཙོན་འཇུག་དང་ལོ་གཉིས་ཀྱི་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་པའི་ཁྲིམས་ཆད་བཅད་ཡོད་སྐོར་ཙམ་ལས། ཁོང་བཙོན་ཁང་གང་དུ་བཅུག་ཡོད་མེད་སོགས་གནས་ཚུལ་གསལ་ཁ་མེད་པ་མ་ཟད། ཐེངས་འདིར་ཁོང་བཙོན་ཁང་དང་ས་གནས་གང་ཞིག་ནས་གློད་གྲོལ་བཏང་བའི་གནས་ཚུལ་ཙམ་ཡང་ཤེས་རྟོགས་མེད་པར་གྱུར་ཡོད་པ་རེད།
རོང་བོ་དགེ་འདུན་ལྷུན་གྲུང་ལགས་འཛིན་བཟུང་བཙན་ཁྲིད་བྱས་པ་ནས་བཟུང་། རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཁོང་གི་ནང་མི་ཚོར་ཁོང་ལ་ཁྲིམས་ཐག་བཅད་པའི་གནས་ཚུལ་གཙོས། ས་གནས་གང་དུ་ཡོད་མེད་་སོགས་གསལ་བཤད་གང་ཡང་བྱས་མེད་པ་རེད་ལ། ཐེངས་འདིར་ཁོང་གློད་གྲོལ་བཏང་རྗེས་ཕྱི་ཚེས་༡༩ ཉིན་ཁོང་གི་མིང་ཐོག་ནས་ཤིས་པར་གྱུར་ཅིག་ཅེས་པའི་སྙན་ངག་ཅིག་བྲིས་ཡོད་པ་དེ། བོད་ནང་གི་བོད་མི་ཚོའི་སྤྱི་ཚོགས་དྲ་ལམ་དུ་ཤུགས་ཆེར་འགྲེམས་སྤེལ་བྱེད་བཞིན་འདུག་ལ། སྙན་ངག་དེའི་ནང་ཁོང་གིས་ལོ་ཟླ་ཞག་དང་འགྲོགས་པའི་མིག་ཟུང་བུང་བ་དྲན་པས་མ་བཟུང་བ།། མཆི་མར་དོན་གྱིས་བསྙེས་ཀྱང་ཨམ་ཚུགས་ཡོན་པོ་དེ་ཡིས་གནས་གང་དུ།། རྟག་ཏུ་བྱ་ར་བགྱིས་པའི་དྲིན་གྱིས་ཁྱེད་ཅག་ཉེ་བའི་འགྲམ་ཀུན་ཏུ།། ཞུམ་པར་མ་བྱས་དཔའ་བའི་ངང་ཚུལ་ནམ་ཡང་ཡི་གེར་བྲིས་པའོ་ཞེས་བཀོད་འདུག
རོང་བོ་དགེ་འདུན་ལྷུན་གྲུབ་ལགས་ནི་ཕྱི་ལོ་ ༡༩༧༤ ལོར་རེབ་གོང་མདོ་བ་ཁྱི་རྔ་སྡེ་བ་རུ་སྐྱེས་ཤིང་། ཆུང་དུས་ནས་གྲྭ་པ་བྱས་ཏེ་རེབ་གོང་དར་ཞིང་དགོན་དུ་ཞུགས་ཤིང་། རིམ་གྱིས་རེབ་གོང་རོང་བོ་དགོན་ཆེན་དང་། བླ་བྲང་བཀྲ་ཤིས་འཁྱིལ། གསེར་རྟ་བླ་རུང་བཅས་སུ་ཚོགས་ཞུགས་དང་ཟུར་ཞུགས་ཀྱིས་སློབ་གཉེར་བྱས་མྱོང་ཡོད་པ་དང་། ཕྱི་ལོ་ ༡༩༩༤ ལོ་ནས་སྙན་ངག་གསར་རྩོམ་ལ་ཞུགས་ཏེ་རྐང་གླིང་སྐྱ་བོ་དང་ལྷ་ཆེན་པོའི་སྙན་ངག ཕྲེང་བ་ནག་པོ། མི་ཚེའི་དབྱངས་རྟ། གླེགས་བམ་དཀར་བོ་སོགས་བརྩམས་ཆོས་དེབ་ཁག་ཅིག་སྤྱི་ཚོགས་ཁྲོད་དཔར་སྐྲུན་འགྲེམས་སྤེལ་བྱས་ཏེ། བོད་ཀྱི་ཤེས་ཡོན་པའི་སྡེ་ནས་ཁོང་གི་སྙན་ངག་དང་རྩོམ་རྩལ་ལ་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད།
སྤྱི་ཚོགས་བརྒྱུད་ལམ་ཐོག་འགྲེམས་སྤེལ་བྱེད་བཞིན་པའི་རྩོམ་པ་པོ་རོང་བོ་དགེ་འདུན་ལྷུན་གྲུབ་ལགས་ཀྱིས་བྲིས་པའི་སྙན་ངག
ཤིས་པར་གྱུར་ཅིག
རོང་བོ་དགེ་འདུན་ལྷུན་གྲུབ། ༢༠༡༤་༡༡་༡༩
རབ་ཞི་དོན་གཉེར་ལས་ཀྱི་ཤིང་རྟ་འདེད་མཁན་འཕགས་པ་ལྷ་ཡི་ལྷ།།
བདག་གི་སྤྱི་གཙུག་སྡོང་ལོ་གཡོ་བ་བཞིན་གྱུར་དེ་ཡི་སྟེང་དུ་ནི།།
བྱིན་རླབས་རྒྱུན་མི་ཆད་པ་གངྒཱ་བསྐྱིལ་བའི་རལ་ཀློང་ལྟར།།
འཆིང་བྱེད་འགུགས་བྱེད་མི་འཆོལ་མཆོད་པའི་མཛེས་པ་རྟག་ཏུ་ཤིས་པར་སྨོན།།
ལུས་ནི་མི་འགུལ་གྲིབ་མ་མི་གཡོ་བ།།
རི་བོ་ལྟར་གྱུར་སེམས་ཀྱི་ཡུས་དག་ཀྱང་།
འཇོ་བ་མ་རྙེད་ཡིད་ནི་གདུང་བྱེད་པ།།
བསགས་པའི་ལས་ཀྱིས་བགྱིད་དོ་ཐབས་གཞན་གང་།།
ལོ་ཟླ་ཞག་དང་འགྲོགས་པའི་མིག་ཟུང་བུང་བ་དྲན་པས་མ་བཟུང་བ།།
མཆི་མར་དོན་གྱིས་བསྙེས་ཀྱང་ཨམ་ཚུགས་ཡོན་པོ་དེ་ཡིས་གནས་གང་དུ།།
རྟག་ཏུ་བྱ་ར་བགྱིས་པའི་དྲིན་གྱིས་ཁྱེད་ཅག་ཉེ་བའི་འགྲམ་ཀུན་ཏུ།།
ཞུམ་པར་མ་བྱས་དཔའ་བའི་ངང་ཚུལ་ནམ་ཡང་ཡི་གེར་བྲིས་པའོ།།
བརྩེ་བའི་ནགས་ཀློང་ག་ལ་བར།།
རེ་བའི་གོམ་པ་སྤོ་མཛད་པའི།།
ཡབ་ཡུམ་ཕྱག་གི་ཕྲེང་བ་དེས།།
ཉི་འོད་གང་དུ་མ་འགགས་སོ།།
སྐུལ་བ་བཞིན་དུ་ལྷ་དེ་དག།
མཚོ་ལ་ངང་ངུར་ལྡང་བའི་དཔེ།།
རྟག་ཏུ་སེམས་ལ་འདུ་བ་ཤེས།།
སྐྱབས་ཀྱི་དམ་པ་ཇི་སྙེད་སྤྱན་གྱིས་གཟིགས་པ་མ་ལྷོད་པས།།
ཟགས་པའི་ལུས་པོ་འདི་འང་སྐྱོན་གྱིས་ཡོངས་སུ་བྲལ་བ་ནི།།
ཡར་ཚེས་ཟླ་བ་དང་མཚུངས་པདྨ་གསར་བའི་མཛེས་པ་ལྟར།།
འོད་ཀྱིས་འཚེར་རོ་རྣམ་ཀུན་འདི་ལ་རྣ་བ་ཕྱོགས་པའི་ཚོགས།།
འབྲལ་བ་དང་བྲལ་འཛོམས་པའི་རྩིག་པའི་ངོས།།
རི་མོ་འབྲི་བའི་ལག་པའི་འདུ་བྱེད་ནི།།
སྣ་ཚོགས་འཛུམ་དང་ཉེ་བར་བསྡེབས་པ་ལ།།
རྟག་ཏུ་གཡོ་མེད་ལྷ་རྣམས་ཀྱིས་ནི་སྲུང་གྱུར་ཅིག།
གསར་འགོད་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།