སྡེ་དགེ་དབོན་སྟོད་ཁུལ་དུ་ཁྱོན་མི་གྲངས་༡༠༠༠ལྷག་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག

2024.02.23
སྡེ་དགེ་དབོན་སྟོད་ཁུལ་དུ་ཁྱོན་མི་གྲངས་༡༠༠༠ལྷག་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག རྒྱ་ནག་གི་ཉེན་རྟོག་པས་ཁམས་སྡེ་དགེ་རྫོང་ཁོངས་དབོན་སྟོད་ཁུལ་དུ་བོད་མི་ཚོ་འཛིན་བཟུང་སྐབས། ༠༢།༢༢།༢༠༢༤
བོད་འབྱོར། མི་སེར་གསར་འགོད་པ།

ཕྱི་ཟླ་༢ཚེས་༢༢ཉིན་ཁམས་སྡེ་དགེ་རྫོང་གི་དབོན་པོ་སྟོད་ཁུལ་དུ་རྒྱ་ནག་གི་དྲག་ཆས་ཉེན་རྟོག་དམག་མིས་དགོན་པའི་དགེ་འདུན་པ་དང་དབོན་སྟོད་གྲོང་ཚོའི་ཡུལ་མི་བསྡོམས་ཆིག་སྟོང་ལྷག་འཛིན་བཟུང་བྱས་ཡོད་པ་བོད་ནང་ནས་རང་ཉིད་ཀྱི་བདེ་འཇགས་ཆེད་མིང་འབོད་མ་བྱས་པའི་གནས་ཚུལ་མཁོ་སྤྲོད་པ་ཁག་ཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་བྱས་བྱུང་།
མི་འབོར་ཉིས་སྟོང་ཙམ་ཡོད་པའི་དབོན་སྟོད་གྲོང་ཚོ་ནས་མི་ཆིག་སྟོང་ལྷག་འཛིན་བཟུང་བྱས་སྐབས། བོད་མི་དེ་དག་ལ་སོ་སོའི་ཟ་ཆས་རྩམ་པ་དང་ཉལ་ཆས་འཁྱེར་དགོས་ལུགས་བཙན་བཀའ་བཏང་འདུག་ཅིང་། འདི་ནི་བོད་མི་དེ་དག་འཕྲལ་དུ་གློད་གྲོལ་གཏོང་རྒྱུ་མིན་པའི་རྟགས་མཚན་ཞིག་ཡིན་པ་གནས་ཚུལ་མཁོ་སྤྲོད་གཞན་ཞིག་གིས་བརྗོད་ཀྱི་འདུག་ལ། འཛིན་བཟུང་བྱས་པའི་མི་སྟོང་ཕྲག་གཅིག་ལྷག་ཙམ་ཡོད་པ་དེ་དག་ཉེན་རྟོག་པའི་ས་ཚིགས་གཅིག་གི་ནང་བཀག་ཉར་བྱེད་སའི་ཆ་རྐྱེན་མེད་པར་བརྟེན་ས་གནས་གང་སར་ཁ་བཀྲམས་ནས་བཞག་ཡོད་པ་བརྗོད་བྱུང་།
དེ་བཞིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཕྱི་ཟླ་༢ཚེས་༢༢ཉིན་དབོན་སྟོད་ཁུལ་རྒྱ་ནག་གཞུང་ཕྱོགས་ནས་བོད་དེ་དག་འཇུ་བཟུང་བྱེད་རྒྱུར་དམིགས་བསལ་སྦྱོང་བརྡར་སྤྲད་པའི་དྲག་ཆས་ཉེན་རྟོག་པ་ཆེད་རྫོང་བྱས་འདུག་པ་དང་། ཁོང་ཚོས་དགེ་འདུན་པ་དང་གྲོང་ཚོའི་ཡུལ་མི་མང་པོར་ཉེས་རྡུང་དྲག་པོ་བཏང་སྟེ་སྨས་སྐྱོན་ཚབས་ཆེ་ཕོག་པ་ཚོ་སྡེ་དགེ་རྫོང་གི་སྨན་ཁང་དུ་སྨན་བཅོས་ཆེད་བཏང་འདུག
གཞན་ཡང་ཚེས་༢༣ཉིན་གྲོང་ཚོ་དེ་ནས་ཡིན་པ་ས་གནས་གཞན་དུ་ལས་ཀ་ཙག་ཙིག་བྱེད་པར་བསྐྱོད་ཡོད་པའི་མི་མང་པོ་ཞིག་རང་ཡུལ་དུ་ཕྱིར་ལོག་བྱས་ནས་བཀག་ཉར་ཁང་དུ་བསྐྱོད་དེ་བོད་མི་དེ་དག་གློད་གྲོལ་དགོས་ལུགས་ངོ་རྒོལ་བྱས་པར་བརྟེན། ཁོང་ཚོ་ཡང་འཛིན་བཟུང་བྱས་ཡོད་པ་ས་གནས་ནས་གནས་ཚུལ་མཁོ་སྤྲོད་པས་བརྗོད་བྱུང་།
ཡང་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། གཟུགས་གཞིའི་གནས་སྟངས་ཡག་པོ་མེད་པའི་དགེ་འདུན་པ་ཁ་ཤས་ཤིག་དགོན་པར་ཕྱིར་ལོག་བཏང་ཡོད་འདུག

Derge map1.JPG
འབྲི་ཆུའི་རྒྱུད་དུ་གནས་སྤོར་དགོས་བའི་དཀའ་ངལ་འཕྲད་བཞིན་པའི་དགོན་སྡེ་དང་གྲོང་ཚོ། ༼The Tibet Map Institute སྒྲིག་བཟོ། ནོར་སྒྲོན། བསྟན་འཛིན་པདྨ།

ཚེས་༢༢ཉིན་དབོན་པོ་སྟོད་ཁུལ་གྱི་དྲྭ་ལམ་དང་ཁ་པར་བརྡ་རྟགས་ཚང་མ་བཀག་སྟེ་ཕྱི་ཕྱོགས་ལ་འབྲེལ་བ་བྱེད་མི་ཐུབ་པ་བཟོས་ཤིང་། ཕྱི་ཚེས་༢༣ཉིན་ཁ་པར་བེད་སྤྱོད་ཐུབ་ཀྱི་ཡོད་ན་ཡང་དྲྭ་ལམ་མུ་མཐུད་བཀག་སྟེ་སྐད་འཕྲིན་སོགས་སྤྱི་ཚོགས་དྲ་འབྲེལ་སོགས་བེད་སྤྱོད་ཐུབ་ཀྱི་མེད་པ་བརྗོད་བྱུང་།
ཕྱི་ཟླ་༢ཚེས་༢༤གཟའ་སྤེན་པ་ནི་བོད་ཟླ་༡ཚེས་༡༥འཁེལ་ཞིང་། བོད་ཀྱི་ལོ་གསར་སྲུང་བརྩིའི་དུས་ཚིགས་གལ་ཆེ་ཞིག་དང་ཆོ་འཕྲུལ་དུས་ཆེན་གྱི་ཉིན་མོ་ཡང་ཡིན་པ་རེད།
གནས་ཚུལ་མཁོ་སྤྲོད་པ་ཞིག་གིས། སྔར་རྒྱུན་ཡིན་ན་དབོན་སྟོད་དགོན་པའི་སྲོལ་རྒྱུན་གྱི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་སྤེལ་བ་དང་མང་ཚོགས་མཆོད་མཇལ་དུ་བཅར་སྲོལ་ཡོད་རུང་། ད་ཆ་དགོན་པའི་དགེ་འདུན་པ་འབོར་ཆེ་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་བར་བརྟེན། དགོན་པའི་རྣམ་པ་སྟོང་སྟོང་ལྷང་ལྷང་ཞིག་དུ་གྱུར་ནས་སེམས་པ་སྐྱོ་དགོས་པའི་གནས་སྟངས་ཤིག་ཆགས་པ་དང་། ལོ་ངོ་བརྒྱ་ཕྲག་མང་པོའི་ལོ་རྒྱུས་ཡོད་པའི་དབོན་སྟོད་དགོན་པ་འདི་རྩ་གཏོར་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཆགས་ཟིན་པ་ནི་ཧ་ཅང་གི་སེམས་པ་སྐྱོ་དགོས་པ་ཞིག་ཡིན་པ་བརྗོད་ཀྱི་འདུག
ཡེ་ན་དགོན་པའི་གནས་སྟངས་དང་ས་གནས་མང་ཚོགས་ཀྱི་གནས་སྟངས་ཀྱང་དེ་ལྟར་གཅིག་མཚུངས་ངང་གནས་ཡོད་པ་བརྗོད་ཀྱི་འདུག
རྒྱ་ནག་གཞུང་གིས་སྡེ་དགེ་ཤར་ནུབ་ཁུལ་འབྲི་ཆུ་རྒྱུགས་ཡུལ་གྱི་ས་ཁུལ་དུ་རྒྱ་ནག་གཞུང་གཉེར་སྐམ་ཐོག་ཆུ་ཤུགས་གློག་འདོན་མཁེ་གཉེར་ཁང་གིས་གློག་འདོན་ཚུ་མཛོད་གསར་རྒྱག་གི་ལས་གཞི་འགོ་འཛུགས་བྱ་རྒྱུ་ཐག་གཅོད་བྱས་ཤིང་། ཆུ་མཛོད་གློག་འདོན་ཁང་རྒྱག་ཡུལ་སྡེ་དགེའི་ས་ཁུལ་དེའི་གྲོང་ཚོ་གཉིས་དང་དགོན་པ་དྲུག་གནས་སྤོ་བྱེད་དགོས་པ་བཀའ་རྒྱ་བཏང་རྗེས། ཕྱི་ཟླ་༢ཚེས་༡༤ཉིན་བོད་མི་༣༠༠ཙམ་སྡེ་དགེ་རྫོང་ལས་ཁུངས་མདུན་འདུ་འཛོམས་ཀྱི་ངོ་རྒོལ་བྱས་ཡོད་པ་རེད།

Murals of Wonto derge.png
པར། མི་སེར་གསར་འགོད་པ།


བཙན་ཤེད་ཀྱི་གནས་སྤོ་བྱེད་དགོས་པ་ཆགས་རྒྱུའི་གྲོང་ཚོ་གཉིས་ནི་དབོན་སྟོད་གྲོང་ཚོ་དང་ཤིས་པ་གྲོང་ཚོ་གཉིས་ཡིན་ཞིང་། དགོན་པ་དྲུག་ནི། དབོན་སྟོད་དང་ཡེ་ན། མཁར་མདོ། རབ་བརྟན། དགོན་གསར། བཀྲ་ཤིས་དགོན་བཅས་ཡིན་པ་རེད། དབོན་སྟོད་དང་ཡེ་ན། མཁར་མདོ་གསུམ་ནི་སྡེ་དགེའི་ཁོངས་དང་། རབ་བརྟན་དང་དགོན་གསར། བཀྲ་ཤིས་བཅས་ནི་འབྲི་ཆུའི་ཤར་རྒྱུད་བོད་རང་སྐྱོང་ལྗོངས་ཟེར་བའི་འཇོ་མདའ་རྫོང་གི་ཁོངས་སུ་ཚུད་ཡོད་པ་རེད།
དབོན་སྟོད་དགོན་དང་ཡེ་ན་དགོན་ཁྱོན་དགེ་འདུན་པ་ཞལ་གྲངས་བདུན་བརྒྱ་སྐོར་ཡོད་འདུག་ཅིང་། དབོན་སྟོད་གྲོང་ཚོའི་ཡུལ་མི་དང་དགེ་འདུན་པའི་གྲངས་འབོར་ནི་ཉིས་སྟོང་ཙམ་ཡིན་འདུག
དབོན་སྟོད་ཁུལ་དུ་རྒྱག་རྒྱུའི་ཆུ་ཤུགས་གློག་འདོན་ཁང་དེ་ནི་ཕྱི་ལོ་༢༠༡༢ལོར་གཏན་འབེབས་བྱས་པའི་རྒྱ་ནག་རྒྱལ་ཡོངས་ཀྱི་ལོ་ལྔ་ཚན་བཅུ་བཞི་ཡི་འཆར་གཞིའི་རྣམ་གྲངས་ཤིག་ཡིན་ཞིང་། འཆར་གཞི་དེའི་ནང་གློག་ཤུགས་(Megawatts 13,920)་ཆིག་ཁྲི་གསུམ་སྟོང་དགུ་བརྒྱ་ལྷག་ལྷག་མཁོ་འདོན་ཐུབ་པའི་འབྲི་ཆུའི་ཁུལ་དུ་ཆུ་མཛོད་གློག་འདོན་ཁང་གྲངས་༡༣རྒྱག་རྒྱུ་ཡིན་པ་གསལ་འདུག

db04580b-36a1-4c31-aa8d-0328ddf5f6a6.JPG
པར། མི་སེར་གསར་འགོད་པ།


ས་གནས་ཀྱི་དགེ་འདུན་པ་དང་ཡུལ་མི་ཚོས་གཞུང་ཕྱོགས་ལ་ཆུ་ཤུགས་གློག་འདོན་ཁང་གསར་རྒྱག་གི་ལས་གཞི་མཚམས་འཇོག་ཡོང་རྒྱུ་དང་། ཁོང་ཚོ་གནས་སྤོ་མི་དགོས་པའི་ཞུ་གཏུག་ཇི་བྱས་ལ་ཉན་འཇོག་མ་བྱས་པའི་ཁར་ད་བར་མི་གྲངས་༡༠༠༠ལྷག་འཇུ་བཟུང་བཀག་ཉར་འོག་བཞག་ཡོད་པ་རེད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ལ་ཕྱི་ཟླ་༢ཚེས་༢༢ཉིན་གནད་དོན་འདིའི་སྐོར་འདྲི་རྩད་བྱས་ཀྱང་། གཞུང་ཚབ་ཁང་གི་མགྲིན་ཚབ་པ་ལིའུ་པེང་ཡུས་ཀྱིས་ཁོ་པས་གནས་ཚུལ་འདིའི་སྐོར་ཤེས་རྟོགས་མེད་ཅེས་གློག་འཕྲིན་བརྒྱུད་ལན་འདེབས་བྱས་བྱུང་ལ། ད་དུང་ལན་འདེབས་དེའི་ནང་། རྒྱ་ནག་གིས་ཁྲིམས་ལུགས་གཞིར་བཟུང་རྒྱ་ནག་མི་སེར་གྱི་ཁྲིམས་མཐུན་གྱི་ཐོབ་ཐང་དང་ཁེ་ཕན་སྲུང་སྐྱོབ་བྱེད་ཀྱི་ཡོད་ཅེས་བརྗོད་འདུག
སྡེ་དགེའི་ས་ཁུལ་དེའི་མི་དམངས་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དང་། རྒྱ་ནག་གཞུང་གིས་ཉེས་མེད་འཛིན་བཟུང་བྱས་པའི་བོད་མི་དེ་དག་འཕྲལ་དུ་གློད་གྲོལ་གཏོང་དགོས་པ་མ་ཟད། སྐམ་ཐོག་ཆུ་ཤུགས་གློག་འདོན་ཁང་གསར་རྒྱག་གི་ལས་གཞི་མཚམས་འཇོགས་དགོས་པའི་དགོས་འདུན་བཏོན་ཆེད། བཞུགས་སྒར་རྡ་རམ་ས་ལར་གཙོས། ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་དང་། སུད་ཛར་ལེནཌ་སོགས་ཀྱི་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་འདུག

* སྡེ་དགེ་དང་འབྲེལ་བའི་དེའི་སྔོན་གྱི་གནས་ཚུལ་ཁག ཟླ་གཉིས་བའི་ཚེས་༡༤ ཚེས་༢༠ ཚེས་༢༢


གསར་འགོད་པ། སྐལ་ལྡན་བློ་གྲོས། བསྟན་འཛིན་པདྨ།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྲིད་སྐྱོང་མཆོག་ཁེ་ཎ་ཌ་དང་ཨ་རི་གཉིས་ནང་གཞུང་འབྲེལ་འཚམས་གཟིགས་ཆེད་ཁེ་ཎ་ཌར་ཕེབས་འབྱོར་བྱུང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མི་ཚོས་ནུས་པ་མཉམ་སྤུངས་ཀྱི་ཐོག་ནས་བོད་དོན་བདེན་མཐའ་གསལ་རྒྱུར་འབད་བརྩོན་གནང་གལ་ཆེ་བའི་སྐོར་སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོར་གསུང་བཤད་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎