དབོན་སྟོད་དགོན་པ་རིག་གནས་གསར་བརྗེའི་འཕྲོག་བཅོམ་ཁྲོད་ནས་ཐར་བ་ཡིན་རུང་ཆུ་ཤུགས་གློག་ཁང་གསར་སྤེལ་གྱི་འཕྲོག་བཅོམ་ཁྲོད་དཀའ་ངལ་འཕྲད་བཞིན་ཡོད་པ། འོད་ཟེར་གྱིས་བྲིས། དང་པོ།
རྒྱ་ནག་གཞུང་དང་དེ་བཞིན་ཚོང་གཉེར་ཁང་གིས་འབྲི་ཆུའི་སྟོད་རྒྱུད་ཁུལ་དུ་ཆུ་མཛོད་གཅིག་དང་གློག་ཁང་༡༣འཛུགས་སྐྲུན་ཟེར་བའི་ལས་གཞིའི་ཁྲོད་མི་རབས་ནས་མི་རབས་ས་ཆ་འདིར་འཚོ་གནས་བྱེད་བཞིན་ཡོད་པའི་བོད་མི་གནས་སྤོ་དགོས་པ་བརྗོད་ཡོད་ལ། ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་དང་རིག་གནས་ཀྱི་རིན་ཐང་ལྡན་པའི་རྩ་ཆེའི་དགོན་པ་ཁག་ཅིག་ཆུས་སྣུབ་ཀྱི་ཡོད་འདུག དེའི་ནང་ཐེམ་བརྩེགས་གློག་ཁང་གི་སྣེ་མོ་ལྟ་བུའི་ལས་གྲ་གཅིག་ནི་སྐམ་ཐོག་གློག་ཁང་ཆགས་ཤིང་། ཁམས་ཁུལ་གྱི་སྡེ་དགེ་རྫོང་ནང་ཉུང་མཐར་དགོན་པ་དྲུག་དང་གྲོང་ཚོ་གཉིས་ཡོངས་རྫོགས་ཆུས་སྣུབ་རྒྱུ་དང་། ས་གནས་འདི་ནི་སྡེ་དགེ་རྫོང་དབོན་པོ་སྟོད་ཡུལ་ཚོའི་ནང་ཡོད་པའི་དབོན་སྟོད་དགོན་པ་དང་ཡེ་ན་དགོན་གཉིས་ལ་རྐྱེན་ངན་བར་ཆད་འདི་འཕྲད་རྒྱུ་ཡིན་འདུག
ཆུ་ཤུགས་གློག་ཁང་གསར་རྒྱག་གི་འཆར་གཞིའི་འོག་ཆུས་སྣུབ་ངེས་པའི་དགོན་པ་འདི་ཚོར་ལོ་རྒྱུས་དང་རིག་གཞུང་གི་རིན་ཐང་དང་་། མཛེས་སྡུག་སོགས་ཡོད་པའི་རང་བཞིན་མི་མང་པོས་རྒྱུས་མངའ་ཤེས་རྟོགས་མེད། གཞུང་ཕྱོགས་ལ་ཐབས་འདོན་ཇུས་འགོད་བྱེད་མཁན་གྱི་རྒྱ་ནག་གི་ཆུ་བེད་མཁས་པས་ཁེངས་དྲེགས་ང་རྒྱལ་ངང་། འབྲི་ཆུའི་སྟོད་རྒྱུད་དང་ལྷག་པར་དུ་སྟག་མཆོང་གྲོག་རོང་གི་སྟོད་ལ་མི་འབོར་ཉུང་བའི་ལུང་སྟོང་ཡིན་པས། ལོ་ཏོག་མེད་པའི་ས་སྐྱ་ཐེར་ཐེར་འདིར་འདམ་རྫབ་ཆགས་ན་ཡང་ཆགས་པ་རེད་ཅེས་བརྗོད་ཡོད། གུས་མོས་འཕྲིན་ཕྲན་དང་སྐད་འཕྲིན་གྱི་བརྙན་པར་ཨང་གྲངས་སོགས་རྒྱ་ནག་གི་དྲ་ཚིགས་ཐོག་ནས་འབྲེལ་ཡོད་དབོན་སྟོད་དགོན་གྱི་བརྙན་པར་དང་འདྲ་པར། རྩོམ་ཡིག་སོགས་མང་པོ་རྙེད་བྱུང་ལ། གང་ཐུབ་ངང་ཕྱོགས་མང་པོ་ནས་འཚོལ་ཞིབ་རྒྱུས་མངའ་བྱས་ཤིང་། དབོན་སྟོད་དགོན་པར་ལོ་རྒྱུས་ཀྱི་རིག་དངོས་ཕུན་སུམ་ཚོགས་པ་དང་རྩ་ཆེའི་བརྒྱུད་འཛིན་ཡོད་པ་ཤེས་རྟོགས་བྱུང་ལ། དབོན་སྟོད་དགོན་པར་དགེ་འདུན་པ་༣༠༠ཙམ་དང་དེ་བཞིན་དགོན་པའི་ཉེ་འཁྲིས་སུ་མི་རབས་ནས་མི་རབས་གནས་པའི་མང་ཚོགས་ཉིས་སྟོང་ཙམ་གྱིས་ཉེ་ཆར་གཞུང་ཕྱོགས་ཀྱི་དཔོན་རིགས་མདུན་དགོན་པ་གནས་ཐུབ་རྒྱུའི་ཞི་བའི་ཐོག་ནས་ཞུ་བ་འཐེན་པར་ཉེས་རྡུང་ཕོག་པ་དང་འཛིན་བཟུང་བྱས་པའི་སྐོར་གློ་བུར་དུ་ཤེས་རྟོགས་བྱུང་།
རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པའི་དཔྱད་རྩོམ་་༽སྡེ་དགེ་རྫོང་དབོན་སྟོད་དགོན་པའི་ཀ་བརྒྱ་ལྷ་ཁང་གི་ལྡེབས་རིས་ལ་ཐོག་མའི་ཞིབ་འཇུག་བྱས་པ།༽་ཟེར་བར་གཞིགས་ན། དེ་ཡང་མི་རིང་བའི་སྔོན་ཧང་ཀྲའོ་ལ་སྐོང་ཚོགས་བྱས་པའི་སྐབས་བརྒྱད་པའི་བོད་ཀྱི་གནའ་རྫས་དཔྱད་ཞིབ་དང་སྒྱུ་རྩ་ལ་གྱི་རྒྱལ་སྤྱིའི་རིག་གཞུང་ཞིབ་འཇུག་གི་བགྲོ་གླེང་ཚོགས་འདུ་ཟེར་བའི་ཐོག དབོན་སྟོད་དགོན་པ་ནི་འབྲི་ཆུའི་ཤར་ངོས་ཀྱི་ས་བབ་མཐོ་ས་ཞིག་ལ་གནས་ཤིང་། དགོན་པའི་བཟོ་སྐྲུན་སྤུས་ལེགས་ཀྱི་ལྡེབས་རིས་ཕོན་ཆེན་ཉར་ཚགས་བྱས་ཡོད་ལ། དགོན་པའི་འཛུགས་སྐྲུན་བརྟན་པོ་ཡོད་པར་བརྟེན་ཆ་ཚང་བའི་ལྡེབས་རིས་འདི་ཚོ་ཐོག་མར་ཕྱི་ཕྱོགས་སུ་ཡོངས་ཁྱབ་བྱས་ཡོད་ཅེས་དང་། དེ་མིན་སྡེ་དགེ་རྫོང་དབོན་པོ་སྟོད་ཡུལ་ཚོར་གང་མྱུར་ཆུ་ཤུགས་གློག་ཁང་རྒྱག་གི་ཡོད་པས་འདིས་དབོན་སྟོད་དགོན་པའི་ལྡེབས་རིས་མུ་མཐུད་ཉར་ཚགས་དང་ཞིབ་འཇུག་གི་ལས་དོན་ཐོག་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་པས། དེར་བརྟེན་དབོན་སྟོད་དགོན་པའི་ལྡེབས་རིས་ལ་ཞིབ་འཇུག་དང་སྲུང་སྐྱོབ་བྱ་རྒྱུ་འདི་ཁ་ཚ་དགོས་གཏུག་ཆགས་ཡོད་ཅེས་བརྗོད་འདུག
འབྲེལ་ཡོད་ཀྱི་ཞིབ་འཇུག་གི་གྲུབ་དོན་ནང་། དབོན་སྟོད་དགོན་ནང་ད་ལྟ་ཉར་ཚགས་ཐུབ་པའི་གནའ་བོའི་ལྡེབས་རིས་ཀྱི་འཛུགས་སྐྲུན་ཁོངས་སུ་གཅིག་ནི་རི་སྟེང་དུ་ཡོད་པའི་འདུ་ཁང་རྙིང་པ་འདི་ནི་དཔའ་ལྡན་ལྷ་མོའི་ལྷ་ཁང་འདི་ཡིན་པ་དང་། གཉིས་པ་འདི་ཀ་བ་བརྒྱ་ལས་གྲུབ་པ་དང་། མཐོ་ཚད་མི་ཌར་བདུན་ཡོད་པའི་ཀ་བརྒྱ་ལྷ་ཁང་འདི་ཆགས་ཡོད། ལྡེབས་རིས་ཀྱི་རྒྱ་ཁྱོན་ནི་མི་ཌར་གྲུ་བཞི་མ་ཆིག་སྟོང་ཙམ་ཡོད་པ་དང་། རི་མོའི་ནང་དོན་མང་ལ་རྙོག་པ། ཆ་ཚང་བ་ཡོད་ཅིང་། བོད་ཡིག་གི་ཚིག་ཐོ་ཁ་གསལ་ཞིང་ཀློག་ཐུབ་པ་ཞིག་ཡོད་ལ། དེའི་གཞི་ཁྱོན་ཆེན་པོ་ཡོད་པ་འདི་དེ་མིན་འབྲི་ཆུའི་ཁུལ་དུ་ཡོད་པའི་དགོན་པ་གཞན་གྱིས་འགྲན་ཟླ་དཀའ་བ་ཞིག་ཆགས་ཡོད་པ་རེད་ཅེས་བཀོད་འདུག ལྷག་པར་དུ་ལྡེབས་རིས་ཁག་ཅིག་ནི་སྡེ་དགེ་དང་ཐ་ན་ཁམས་ཁུལ་ཡོངས་རྫོགས་ནང་དེ་རང་ལས་མེད་པ་བརྗོད་འདུག་ལ གནའ་བོའི་འཛུགས་སྐྲུན་དང་གནས་བོ་ལྡེབས་རིས་ཕུད། དགོན་པའི་ནང་ད་དུང་གནའ་བོའི་སྐུ་ཐང་དང་གནའ་བོའི་སྐུ་འདྲ་སོགས་རིག་དངོས་ཡོད་པ་མ་ཟད། དེ་བཞིན་དུས་རབས་མི་འདྲ་བའི་གལ་ཆེའི་ལོ་རྒྱུས་ཀྱི་ཡིག་ཆ་ཡང་ཡོད་པ་བཀོད་འདུག
འབྲེལ་ཡོད་ཀྱི་ཞིབ་འཇུག་ནང་ངོ་སྤྲོད་བྱས་པའི་ནང་། དབོན་སྟོད་དགོན་པའི་ཀ་བརྒྱ་ལྷ་ཁང་གི་ལྡེབས་རིས་ཀྱི་ཆེ་ཆུང་ནི་སྡེ་དགེ་པར་ཁང་དང་ཡེ་ན་དགོན་གྱི་ལྡེབས་རིས་ལས་ཆེ་བ་ཡོད་འདུག་ལ། ཉེ་ཁོར་གྱི་དགོན་པ་གསུམ་ཕན་ཚུན་བར་ཐག་རིང་པོ་མེད་ན་ཡང་། འབྲི་ཆུའི་རྒྱུད་ཀྱི་གཙང་པོ་ཁུལ་དུ་འདི་ལྟ་བུའི་གཞི་རྒྱ་ཆེ་བའི་དགོན་པ་ལྷག་འཕྲོ་འདི་རང་ལས་མེད་པ་གསལ་བཏོན་བྱས་འདུག ད་ལྟ་བར་ས་གནས་རང་ནས་རྙེད་པའི་གལ་འགངས་ཧ་ཅང་ཆེ་བའི་བོད་བརྒྱུད་ནང་བསྟན་གྱི་ལྡེབས་རིས་གྲས་ཤིག་དང་། བོད་ཀྱི་རི་མོའི་སྒྱུ་རྩལ་ལ་ཞིབ་འཇུག་བྱེད་པའི་ཐོག་དཔྱད་གཞིའི་རིན་ཐང་ཚད་མཐོ་པོ་ཡོད་པ་རེད་ཅེས་ཀྱང་འདུག འདི་ནི་ད་ལྟའི་ཆར་དཀའ་མཛེས་ཁུལ་དང་། ཐ་ན་འབྲི་ཆུའི་ཆུ་ངོགས་གཡས་གཡོན་ཁུལ་གྱི་བོད་བརྒྱུད་ནང་བསྟན་དགོན་པའི་འཛུགས་སྐྲུན་གྱི་གྲུབ་ཆ་གཙོ་བོའི་བར་སྟོང་ཆེ་ཤོས་ཤིག་དང་། ལྡེབས་རིས་ཀྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་དགོན་པའི་གྲས་ཤིག་ཡིན་པས། སྡེ་དགེ་ཁུལ་གྱི་སྒྱུ་རྩལ་ལོ་རྒྱུས་ཀྱི་ཞིབ་འཇུག་ཡིག་ཆའི་ཐོག་སྟོང་ཆ་ཞིག་སྐོང་ཐུབ་པ་ཞིག་བྱུང་པ་དང་། སྡེ་དགེ་དང་དེ་བཞིན་བོད་ཤར་ཕྱོགས་ཁུལ་གྱི་བོད་བརྒྱུད་ནང་བསྟན་གྱི་འཕེལ་རིམ་ལོ་རྒྱུས་དང་སྒྱུ་རྩལ་འཕེལ་རིམ་གྱི་ལོ་རྒྱུས་ཞིབ་འཇུག་ཐོག་གཞན་གྱི་ཚབ་བྱེད་ཐབས་མེད་པའི་རིག་པའི་གཞུང་ལུགས་ཀྱི་རིན་ཐང་ལྡན་ཡོད་ཅེས་བརྗོད་འདུག
ནན་བརྗོད་ཞུ་དགོས་པ་ཞིག་ལ། བོད་ས་ཡོངས་ནང་གི་དགོན་པ་དྲུག་སྟོང་ལྷག་ཙམ་ཡོད་པ་འདི་རྣམས་ཀྱིས་ལོ་རབས་ལྔ་བཅུའི་ནང་གི་དམག་དོན་དྲག་གནོན་གྱི་བྱ་སྤྱོད་བརྒྱུད་མྱོང་ལ། ༡༩༦༦ལོ་ནས་༡༩༧༦ལོ་བར་རིག་གནས་གསར་བརྗེ་ཆེན་མོའི་ལས་འགུལ་ཡང་བརྒྱུད་མྱོང་ཡོད་པས། དགོན་པ་མང་ཆེ་བ་རྩ་མེད་ཀྱི་རང་བཞིན་ལྡན་པའི་གཏོར་བཤིག་ཕོག་ཡོད། རྐྱེན་ངན་བར་ཆད་འདི་རྣམས་ནས་གཡོལ་ཐུབ་པའི་དགོན་པ་ཧ་ཅང་ཉུང་ཉུང་ཡིན་ཞིང་། གནའ་བོའི་བོན་སྟོད་དགོན་འདི་ནི་བར་ཆད་དེ་དག་ལས་གཡོལ་ཐུབ་པའི་གྲས་ཤིག་ཆགས་ཀྱི་ཡོད་པ་དང་། དེ་ནི་ས་གནས་ཀྱི་གྲོང་ཚོའི་མང་ཚོགས་ཀྱིས་དད་སེམས་བཅངས་ཏེ་སྲུང་སྐྱོབ་བྱས་པའི་དབང་གིས་ཡིན་ཞིང་། གལ་ཆེ་ཤོས་ཀྱི་འདུ་ཁང་དང་ཀ་བརྒྱ་ལྷ་ཁང་འབྲུ་རིགས་དང་སེམས་ཅན་གྱི་གཟན་ཆག་བཞག་སའི་མཛོད་ཁང་དུ་གྱུར་ཡོད་ལ། འོན་ཀྱང་དགོན་པའི་ནང་གི་གནའ་བོའི་སྐུ་འདྲ་དང་གནའ་བོའི་སྐུ་ཐང་སོགས་རིའི་སྟེང་སྦས་པ་དང་། ལྡེབས་རིས་ལ་ཧ་ལམ་གཏོར་བཤིག་ཕོག་མེད་པ། དགོན་པའི་རྨངས་གཞིའི་འཛུགས་བསྐྲུནལ་གཏོར་བཤིག་མ་བྱུང་སོགས་ཀྱི་གནས་སྟངས་དེ་འདྲའི་སྲུང་སྐྱོབ་ཀྱི་འོག་ནས་གནས་ཐུབ་པ་བྱུང་ཡོད། ༡༩༨༣ལོར་ཆོས་དད་སླར་གསོ་ཐུབ་པ་དང་། རྒྱ་ནག་གཞུང་གིས་དད་ལྡན་མང་ཚོགས་ཁྲོད་རབ་བྱུང་སྒྲུབ་ཆོག་པ་བཟོས་པར་བརྟེན་དབོན་སྟོད་དགོན་ལ་ང་བསྐྱར་དུ་སྐྱེད་སྲིང་གི་དཔལ་ཡོན་ཐོབ་ཡོད། འོན་ཀྱང་ད་ཆ་ཆུ་ཤུགས་གློག་ཁང་གི་རྐྱེན་པས་དགོན་པ་དང་གྲོང་ཚོ་ཆུས་སྣུབ་པའི་རྐྱེན་ངན་བར་ཆད་དེར་ཁ་ཕྱོགས་ཏེ་གནས་ཡོད། དེར་བརྟེན་དབོན་སྟོད་དགོན་པ་རིག་གནས་གསར་བརྗེའི་འཕྲོག་བཅོམ་ཁྲོད་ནས་ཐར་བ་ཡིན་རུང་ཆུ་ཤུགས་གློག་ཁང་གསར་སྤེལ་གྱི་འཕྲོག་བཅོམ་ཁྲོད་དཀའ་ངལ་འཕྲད་བཞིན་ཡོད་པ་བརྗོད་ན་ཆོག་པ་ཞིག་རེད།
**ལེ་ཚན་འདི་རྩོམ་པ་པོའི་གཟིགས་ཚུལ་ཡིན་པ་ལས་འདི་ག་རླུང་འཕྲིན་ཁང་གི་ལྟ་བ་ཡིན་པས་ཁྱབ་ཀྱི་མེད་ལ། ཁྱེད་ཀྱིས་གསན་པའི་རྗེས་དགོངས་ཚུལ་གང་ཡོད་ནའི་ཐད་ཀར་འདི་གར་འབྲེལ་བ་གནང་རོགས།
***སྡེ་དགེ་དང་འབྲེལ་བའི་དེའི་སྔོན་གྱི་གནས་ཚུལ་ཁག ཟླ་གཉིས་བའི་ཚེས་༡༤ ཚེས་༢༠ ཚེས་༢༢ ཚེས་༢༣ ཚེས་༢༤ ཚེས་༢༥ ཚེས་༢༦
འོད་ཟེར་གྱིས་དཔྱད་བརྩོམ།
ཕབ་བསྒྱུར་ཞུ་མཁན་སྒྲོལ་དཀར།
ཞུ་དག་པ། བསྟན་འཛིན་པདྨ། སྐལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།